འདི་ཟླའི་ཚེས་ ༡༨ ཉིན་ཀོང་པོ་ཉིང་ཁྲི་ཁུལ་དུ་ཤུགས་ཚད་ ༦.༣ ཅན་གྱི་ས་འགུལ་བྱུང་བ།
ཉེ་བའི་ཆར་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༦:༣༤ ཐོག བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དུ་ས་ཡོམ་ཤུགས་ཚད་ ༦.༣ ཅན་ཞིག་བརྒྱབ་པ་དང་། ས་འགུལ་དེའི་ཤུགས་ཚད་སྐོར་ཨ་རིའི་ས་གཤིས་དཔྱད་ཞིབ་ (United States Geological Survey) ཀྱིས་བཤད་པ་ཞིག་དང་། ཉིང་ཁྲི་ས་གནས་ལས་ཁུངས་ཀྱི་དྲ་བའི་ཐོག་ས་ཡོམ་རྒྱག་སའི་ལྟེ་གནས་དེ་མི་མེད་ལུང་སྟོང་ཡིན་ཚུལ་བཤད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན་ས་ཡོམ་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཉེ་འགྲམ་གྲོང་གསེབ་ཁག་གཅིག་གི་གློག་ལ་སྐྱོན་བརྒྱབ་སྟེ་གློག་མེད་པ་དང་། གྲོང་གསེབ་ཀྱི་ཁང་པ་ཁག་གཅིག་ལ་ཕྲན་བུ་གཏོར་སྐྱོན་བྱུང་བ་དེ་དག་ལ་གཞུང་གི་ཛ་དྲག་ངལ་སེལ་རུ་ཁག་བཏང་ནས་རྟོག་ཞིབ་བྱེད་མུས་ཡིན་པར་བཤད་ཅིད། རྒྱ་ནག་རྒྱལ་ཡོངས་ས་ཡོམ་དྲ་བའི་ནང་སྤེལ་བའི་གནས་ཚུལ་ནང་། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་བོད་ནང་གི་ཆུ་ཚོད་ ༦:༣༠ ཙམ་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དུ། ཚད་རིམ་ ༦:༩ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཞོགས་པའི་ཆུ་ཚོད་ ༦ པ་ནས་ ༡༡:༣༦ བར་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དང་བྲག་ཡིབ་ཁུལ་དུ་ཚད་རིམ་ ༣ ཡན་ཆད་ཀྱི་ས་ཡོམ་ཐེངས་བདུན་བྱུང་ཡོད་འདུག་སྐོར་འཁོད་འདུག
ཉི་ཧོང་དུས་བབ་ནང་ས་ཡོམ་གྱི་ལྟེ་གནས་ས་ཁུལ་དེ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ཏེ་ཛུ་ (Tezu) དང་། པ་སི་གྷཌ་ (Pasighat) ནས་སྤྱི་ལེ་ ༢༥༠ ཡོད་པ་ཨ་རིའི་ས་གཤིས་དཔྱད་རིག་པས་བརྗོད་པར་བཤད་པ་སོགས་ཅུང་ཟད་མི་མཐུད་པ་རེད་འདུག་ཅིང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་ལྷོ་ཕྱོགས་སུ་གཞུགས་པའི་དབང་རྒྱལ་ལགས་སུ་གནས་འདྲི་གནང་བ་ལྟར་ན་ཀོང་པོ་ཁུལ་དུ་གནམ་གཤིས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དཔྱིད་ཀར་དྲོད་སླེབས་སྐབས་ས་འགུལ་གྱི་ཡོད་པ་དང་། སྟོན་ཁར་གྲང་མོ་ཆགས་སྐབས་ཀྱང་འགུལ་གྱི་ཡོས་པ་སོགས་གནས་དེར་ས་ཡོམ་ཡང་ཡང་རྒྱག་གི་ཡོད་པ་དང་། ཁ་སང་གི་ས་འགུལ་དེ་ཀོང་པོ་སྨད་ཁུལ་དུ་བྱུང་ཡོད་སྐོར་གསུངས་འདུག་པར་མ་ཟད་། བོད་ས་མ་ཤོར་བའི་སྔོན་གྱི་ཕྱི་ལོ་ ༡༩༤༩ ལོར་ཁོང་བོད་དུ་ཡོད་སྐབས་ཀོང་པོ་ཁུལ་དུ་ས་འགུལ་ཧ་ཅང་ཆེན་པོ་ཞིག་བྱུང་སྟེ་ས་ཁུལ་གཅིག་གི་ནང་དུ་མི་ ༣༠༠༠ ལྷག་ཙམ་བསད་ཡོད་པ་དང་། ཁོང་སྡོད་སའི་རྫོང་རང་གི་ནང་དུ་མི་ ༣༧ ཙམ་བསད་ཡོད་པ། དེ་བཞིན་དེ་མོ་དགོན་པ་དང་། ཆབ་ནག་དགོན་པ། ཇོ་མོ་དགོན་ཟེར་བ། བཀྲ་ཤིས་རབ་བརྟན་ཟེར་བ་དེ་དག་གཞུང་འབྲེལ་དང་དགེ་ལུགས་པའི་དགོན་པ་ཆེན་པོ་ཡིན་པ་དང་། ཆབ་ནག་དགོན་པ་ཡོད་ཚད་འཐོར་ཞིག་ཏུ་གྱུར་ནས་མི་ཤི་བའི་རོ་དང་། སྐུ་གསུང་ཐུགས་རྟེན་སོགས་ཚང་མ་ས་འོག་ཏུ་གནན་སྟེ་ད་དུང་ཡང་སྔོག་འདོན་བྱས་མེད་པ་སོགས་འགྲེལ་བརྗོད་གནང་འདུག ཡང་སེར་སྨད་སུ་གཞུགས་པའི་བྱམས་པ་ཀུན་དགའ་ལགས་ཀྱིས་ས་འགུལ་བྱུང་སྐབས་ཁོང་གི་སྤུན་མཆེད་ཅིག་འཇིགས་སྣང་གིས་ཁང་པའི་ཐོག་ནས་མར་མཆོངས་ཏེ་རྐང་པའི་ཚིགས་བུད་ཡོད་པ་དང་། ཁོང་ཚང་གི་ཁང་རྙིང་ཞིག་ལ་གས་ཆག་ཅུང་ཟད་བྱུང་ཡོད་སྐོར་སོགས་གསུངས་འདུག
སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ཁེ་ན་ཌའི་རྒྱལ་སྤྱིའི་བདེ་འཇག་ལྷན་ཚོགས་ (Halifax Security Forum) ཞེས་པར་མཉམ་ཞུགས་གནང་བཞིན་ཡོད་སྐབས་དང་བསྟུན། ཐེངས་འདིར་བོད་ཀྱི་ས་ཁུལ་ནང་ས་ཡོམ་བྱུང་བའི་གནས་ཚུལ་ཐོན་སྐབས་ཐུགས་འཚབས་དང་སྦྲགས་ནས་གསུང་དོན་། ད་ལྟ་ང་ཚོས་ས་ཡོམ་གྱི་གོད་ཆག་དེས་ཡུལ་མི་ཚོར་གནོད་འཚེ་ཇི་ཙམ་ཕོག་མིན་གྱི་གནས་ཚུལ་གང་ཞིག་བྱུང་མིན་སྒུག་ནས་སྡོད་པའི་སྐབས་འདིར་ངས་ཡུལ་མི་ཚོའི་ཚེ་སྲོག་ལ་གནོད་སྐྱོན་དང་རྨས་སྐྱོན་རིགས་གང་ཡང་བྱུང་མེད་པར་ཤོག་ཅེས་སེམས་གཏིང་ནས་སྨོན་ལམ་རྒྱག་བཞིན་ཡོད། ལྷག་པར་ཉིང་ཁྲི་ས་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་བྱུང་གོད་ཆག་གི་དཀའ་ངལ་གློ་བུར་དུ་འཕྲད་པའི་སྐབས་འདིར་སྙིང་སྟོབས་མ་ཞུམ་པར་གནས་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཅེས་སོགས་གསུངས་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་བཀོད་འདུག
ཐེངས་ 42304 བཀླགས་འདུག