སྣོད་བཅུད་རྟེན་བྱུང་གི་ཤེས་རིག
ཨང་གསུམ་པ། ཤེས་རབ་ཕུན་ཚོགས།
རྫས་སྦྱོར་དུག་རླངས་རླབས་ཀྱིས་བྱས་པའི་རང་བྱུང་འབྱུང་ཁམས་ཉམས་ན་ཡང་།།
འབྱུང་ལྔའི་ནུས་པ་མི་འཁྲུག་སྙམ་པས་བཅུད་རྣམས་བདེ་ཞིང་སྐྱིད་པ་དང་།།
བཅུད་ཀྱི་སྐྱེ་ཁམས་བསྲུང་བའི་བྱ་ཐབས་ཤེས་བྱ་རིག་པའི་གཏེར་མཛོད་ཅིག།
སྤུ་རྒྱལ་ཚང་གི་ཁྱིམ་རྒྱུད་འདི་ལ་ལོ་ངོ་ཁྲི་ཡི་གོང་ནས་ཡོད།།
གོང་གི་ཚིག་བཅད་ཀྱིས་སྣེ་དྲངས་ཏེ་ས་བཅད་གཉིས་ཙམ་ཞིག་ཞུ་འདོད་བྱུང་། དང་པོ། སྤྱིར་འཛམ་བུ་གླིང་འདིར་འཚོ་སྡོད་བྱེད་བཞིན་པའི་ང་ཚོ་འགྲོ་བ་མི་རྣམས་ཀྱིས་བསམ་ཤེས་ངེས་པར་དུ་བྱེད་དགོས་པ་ནི་ད་ལྟ་ང་ཚོར་དངོས་སུ་མྱོང་བཞིན་པའི་རང་བྱུང་ཁམས་ཀྱི་གོད་ཆག་འདི་རྣམས་ང་ཚོ་འགྲོ་བ་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བྱས་པའི་ཉེར་ལེན་ལས་བྱུང་བ་ཞིག་རེད། དེར་བརྟེན་ད་ནས་བཟུང་ང་ཚོས་རྐྱེན་ངན་དེའི་རིགས་མི་འབྱུང་བའི་དམ་བཅའ་སྔོན་སོང་གི་ཐོག་ནས། སྟོབས་ལྡན་རྒྱལ་ཁབ་རྣམས་ཀྱིས་དེ་སྔོན་བཟོས་ཟིན་པའི་འབར་རྫས་ལ་སོགས་པ་ཁོར་ཡུག་ལ་གནོད་པ་ཡོད་པའི་རིགས་ཡོད་ཚད་མེད་པར་བཟོ་ཐབས་དང་། སླད་ཕྱིན་རང་བྱུང་ཁམས་ལ་གནོད་པའི་འབར་རྫས་བཟོ་སྐྲུན་དང་། གཏེར་ཁ་སྔོག་འདོན་སོགས་བྱེད་མི་ཆོག་པའི་ཆེ་དུ་བཟོས་པའི་ཁྲིམས་ལུགས་རྣམས་དོན་ཐོག་འཁྱོལ་ཐབས་བྱེད་དགོས་པའི་དུས་ལ་བབ་པ་དང་། ཆུང་ས་ནས་ང་ཚོ་མི་རེ་ངོ་རེ་ནས་རང་བྱུང་འབྱུང་བའི་ནུས་པར་གནོད་པའི་གད་སྙིགས་ཀྱི་རིགས་གང་བྱུང་མི་གཡུགས་པའི་ཀུན་སློང་བཟང་པོའི་འོག རང་བྱུང་ཁམས་ལ་འཚོ་གནས་བྱེད་བཞིན་པའི་ཚེ་སྲོག་གི་རིན་ཐང་དང་། སྐབས་འཕྲལ་གྱི་འབྱུང་བའི་གནོད་འཚེ་རྣམས་ངོས་ཟིན་དགོས་པ་སོགས་ང་ཚོའི་མིག་མདུན་དུ་ལྷགས་བཞིན་པའི་གནས་སྟངས་འདི་དག་གཅིག་པུས་ཀྱང་ང་ཚོས་དེ་རིང་ནས་བཟུང་སྟེ་འཛམ་བུ་གླིང་འདི་སྲུང་སྐྱོབས་བྱེད་དགོས་པའི་དུས་ལ་བབ་ཡོད།
གཉིས་པ། སྒོས་སུ་གངས་ཅན་པའམ་སྤུ་རྒྱལ་བའི་ཁྱིམ་རྒྱུད་དུ་འཁྲུངས་པའི་བོད་མི་ཀུན་གྱིས་ངེས་པར་དུ་ཤེས་དགོས་པ་ནི། ཁོར་ཡུག་སྲུང་སྐྱོབ་དང་དེའི་ཁྲིམས་དང་ཤེས་བྱ་སོགས་ཀྱི་ཐད་ནས་མི་རིགས་གཞན་སུ་ལའང་འགྲམ་ཆུ་ལྡང་མི་དགོས་པར་རང་རེའི་མེས་པོ་བཀའ་དྲིན་ཅན་དག་གི་སྐུ་དུས་ཏེ་ལོ་ངོ་ཁྲི་ཕྲག་གི་གོང་ནས་བཟུང་ལོ་རྒྱུས་ཡུན་རིང་ལྡན་པའི་ཁོར་ཡུག་སྲུང་སྐྱོང་ཀྱི་རིག་གནས་རྨང་གཞི་དང་། རང་མི་རིགས་ལ་ཡོད་པའི་ཐུན་མིན་གྱི་རིག་གནས་འདི་ད་ལྟའི་དུས་འདིར་འཛམ་གླིང་ཡོངས་ལ་དར་སྤེལ་དགོས་པའི་ལྟ་ཚུལ་ཡང་ཡོང་བཞིན་ཡོད། སྲིད་པའི་ཁམས་འདིར་རང་རེས་དབང་པོས་མངོས་སུམ་གྱིས་མཐོང་ཚོར་མི་ཐུབ་པའི་སྐྱེ་འགྲོ་དང་། མིའི་འགྲོ་བ་ལས་ཐ་དད་པའི་དབྱིངས་ཀྱི་ལྷ་དང་། བར་སྣང་གི་གཉན། ས་གཞའི་བརྟན་མ། རྒྱ་མཚོའི་ཀླུ་ལ་སོགས་པ་ཡོད་ཅིང་། དེ་དག་རང་རེའི་དབང་པོའི་ནུས་པས་མཐོང་མི་ཐུབ་ནའང་ཁོང་ཚོས་ནི་ང་ཚོ་ལས་སླ་པོར་མཐོང་ཐུབ་ཀྱི་ཡོད་ཅིང་མཚམས་རེར་མི་ལ་གནོད་པའང་སྐྱེལ་བ་ཡིན།
དེ་དག་ལ་ཕོག་ཐུག་བྱས་པ་ལས་བྱུང་བའི་གནོད་པ་སེལ་བྱེད་ཀྱི་ཤེས་རིག་བོད་མི་རང་ལ་ཡོད། མདོར་ན་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ང་ཚོའི་མེས་པོ་གོང་མ་རྣམ་ནས་ད་ལྟ་བར་དུ་གནས་ཡོད་ཅིང་ཤེས་རིག་འདི་ནི་སྲིད་པ་བོན་གྱི་ཤེས་རིག་ནས་བྱུང་ཞིང་། སྲིད་པ་བོན་ཀྱི་ཤེ་རིག་འཕེལ་རྒྱས་ནི་གནའ་བོའི་ཞང་ཞུང་གི་མེས་པོ་གོང་མ་བཀའ་དྲིན་ཅན་རྣམས་ཀྱི་ཚེ་སྲོག་ལས་བརྒྱུད་ཡོང་བ་སྟེ་ <<དྲི་མེད་གཟི་བརྗིད་>> དང་། <<གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་>> <<གནམ་ས་སྣང་བརྒྱད་ཀྱི་མདོ་>> <<དཔལ་འབུམ་དཀར་པོ>> <<ས་བདག་དབང་ཆེན་འཁོར་ལོ་བསྒྱུར་འབུམ་འཁྲུགས་པ་སྤྱི་བཅོས་>> <<ཀླུ་གཉན་ས་བདག་གསུམ་གྱི་སྤང་ཀོང་>> <<སྲིད་པའི་མཛོད་ཕུགས་དང་མཛོད་སྒྲ་འགྲེལ་>> <<མཁའ་ཀློང་གསང་མདོས་>> <<སྲིད་པ་སྤྱི་མདོས་ཆེན་མོ་>> སོགས་གཞུང་དུ་མ་ལས་གསལ་བའི་ཞང་བོད་ར་ས་ནས་དར་བའི་ཁོར་ཡུག་སྲུང་སྐྱོབས་བྱེད་ཕྱོགས་ཟབ་ཅིང་རྒྱས་པ་ཡོད་པ་དེ་དག་ད་ལྟའི་དུས་འདིར་སྐྱེ་ཁམས་སྲུང་སྐྱོབས་བྱེད་པའི་ཐབས་མཆོག་ནད་ཐོག་གི་སྨན་ལྟ་བུར་གྱུར་ཡོད་པ་བཞིན་ང་ཚོས་ཀྱང་འཛམ་གླིང་ཡོངས་ལ་དར་སྤེལ་དགོས་པའི་འོས་འགན་དང་། ལག་ལེན་བསྟར་དགོས་ངེས་ཡིན་པ་བཅས་མདོར་བསྡུས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན།
ཐེངས་ 42632 བཀླགས་འདུག