ལ་དྭགས་བྱང་ཐང་བོད་མིའི་འབྲོག་སྡེ་ཁག་ཏུ་གངས་སྐྱོན་བྱུང་སྟེ་ནོར་ལུག་མང་པོ་གྲང་ངར་ཆེ་ཞིང་གཟན་རྩྭ་མ་རག་པར་བརྟེན་འཆི་སྐྱོན་བྱུང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་སྟེང་གནས་ཚུལ་འཁོད་པར་ལྟར་ན། རྒྱ་གར་བྱང་ཕྱོགས་འཕགས་བོད་ས་མཚམས་ལ་དྭགས་བྱང་ཐང་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་བོད་མི་འབྲོག་པ་རྣམས་དགུན་དུས་གྲང་ངར་ཆེ་ཞིང་། ཁ་བའི་བུ་ཡུག་ཧ་ཅང་ཚུབ་པ་སོགས་ཀྱི་རྐྱེན་པས་ར་ལུག འབྲི་གཡག་སོགས་ལ་རྩྭ་ཐང་གི་སྐལ་བའི་དབེན་པར་བརྟེན་ལོ་ལྟར་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་མ་ཟད། འདི་ལོའི་དགུན་དུས་སྐབས་སྔར་དང་མི་འདྲ་བའི་གྲང་ངར་ཆེ་ཞིང་། ཁ་བ་ཧ་ཅང་མཐུག་པོ་བབ་པར་བརྟེན་འབྲོག་པའི་ར་ལུག་དང་འབྲི་གཡག་སོགས་ལྟོགས་ཤི་ཐེབས་པའི་ཛ་དྲག་གི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་འདུག དེར་བརྟེན་ལ་དྭགས་བསོད་ནམས་གླིང་ས་འགོ་ལས་ཁུངས་དང་ནང་སྲིད་ལས་ཁུངས་ནས་འཛམ་གླིང་ཁྱོན་དུ་གནས་པའི་བོད་རིགས་གཙོ་གྱུར་ཉམས་ཐག་དུད་འགྲོར་བརྩེ་སེམས་ཅན་གྱི་སྐྱེ་བོ་མཆོག་དམན་ཀུན་ལ་ཐེངས་འདིར་ལ་དྭགས་བྱང་ཐང་གི་བོད་མི་འབྲོག་པ་རྣམས་ལ་ངལ་སེལ་རོགས་རམ་གནང་ཆེད་ཛ་དྲག་འབོད་སྐུལ་ཞུ་བཞིན་འདུག
སྤྱིར་ལ་དྭགས་ཁུལ་དུ་བོད་མི་བཙན་བྱོལ་བ་ ༧༥༤༦ ཡོད་ཁོངས་ནས་བོད་མི་ ༢༣༥༠ བྱང་ཐང་ཁུལ་དུ་གནས་པའི་བོད་མི་འབྲོག་པ་ཡིན་འདུག ལ་དྭགས་བསོད་ནམས་གླིང་ས་འགོས་བྱང་ཐང་ས་ཁུལ་གཉིས་ཏེ་གསུམ་མདོ་དང་ས་སྨད་དུ་ཕེབས་ནས་བོད་མི་འབྲོག་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་རྒྱུས་ལོན་གནང་འདུག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཛ་དྲག་ངལ་སེལ་རོགས་རམ་ཆེད་ཧིན་སྒོར་འབུམ་ལྔ་གནང་འདུག འོན་ཀྱང་ཛ་དྲག་གནས་སྟངས་མུ་མཐུད་གནས་བཞིན་ཡོད་པར་བརྟེན་རོགས་རམ་དགོས་པ་ཛ་དྲག་ཆགས་འདུག བོད་མི་འབྲོག་པ་རྣམས་ལ་སྒོ་ཕྱུགས་ཤི་བ་རྣམས་ཀྱི་ཚབ་གསར་ཉོ་རྒྱུ་དང་། ད་ཡོད་ཕྱུགས་ལྷག་མ་རྣམས་ལ་གཟན་ཆག་ཉོ་རྒྱུ་དང་། གཟན་ཆག་འོར་འདྲེན་སོགས་ཀྱེད་ཆེད་རོགས་རམ་དགོས་མཁོ་ཧ་ཅང་ཡོད་འདུག
source by:https://www.bod.asia
ཐེངས་ 42506 བཀླགས་འདུག