Donate

རྩི་ཤིང་།

ཁྱེད་རང་གྲོང་ཁྱེར་ཞིག་ལ་གནས་སྡོད་བྱེད་ཀྱི་ཡོད་རུང་ཕྱོགས་གང་ལ་བལྟས་ཀྱང་སྔོ་ལྗང་གི་རྩི་ཤིང་མང་པོ་མཐོང་ཐུབ་ངེས་ཡིན། ཤིང་སྡོང་དང་། རྩྭ། མེ་ཏོག་སོགས་སྐྱེ་བཞིན་པ་ཡོད་ཚད་ཀྱིས་ཁྱེད་ཀྱི་ཉེ་འཁོར་ན་ཡོད་པའི་ཅ་ལག་མང་པོ་ཞིག་སྒྲུབ་བྱེད་ཀྱི་རྒྱུ་བྱེད་ཀྱི་ཡོད།

ཁྱེད་ཀྱིས་གྱོན་བཞིན་པའི་རྗིནས྄(jeans) དང་། ཀློག་བཞིན་པའི་དེབ། ཤིང་གི་སྒྲོག་ཙེ་དང་རྐུབ་སྟེགས། ལོངས་སུ་སྤྱོད་བཞིན་པའི་ཟས་རིགས་མང་ཆེ་ཤོས་ནི་རྩི་ཤིང་གི་ཐོན་སྐྱེད་འབའ་ཞིག་ཡིན། རྩི་ཤིང་ནི་བེད་སྤྱོད་ཆེན་པོ་ཡོད་པ་ཙམ་དུ་མ་ཟད་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་པས། གལ་སྲིད་རྩི་ཤིང་མེད་ཚེ་ང་ཚོ་འཚོ་ཐབས་བྲལ་བ་རེད།

རྩི་ཤིང་གིས་ཁེངས་པའི་གོ་ལ།

གལ་སྲིད་ཁྱེད་ཀྱིས་བར་སྣང་ནས་ང་ཚོའི་སའི་གོ་ལ་འདིར་བལྟས་མྱོང་ཡོད་ན། དེ་ནི་སྔོ་ལྗང་གི་འཇིག་རྟེན་ཞིག་ཏུ་མཐོང་ངེས་ཡིན། དེ་ནི་རྩི་ཤིང་ཐེར་འབུམ་ཐེར་འབུམ་མང་པོས་ང་ཚོའི་གོ་ལ་འདིའི་སྐམ་སའི་ས་ཁྱོན་དང་། ཤིང་ནགས། སྤང་ཐང་། ཞིང་ཁ། གླིང་ག་དང་ལྡུམ་ར་བཅས་སུ་ཁེངས་ནས་ཡོད་པས་ཡིན། རྩི་ཤིང་འདི་དག་ནི་སའི་གོ་ལ་འདིར་སྲོག་ཆགས་གནས་ཐུབ་པ་ལ་མེད་དུ་མི་རུང་བ་ཞིག་དང་། ད་ཡོད་ཀྱི་གོ་ལ་འདི་བཞིན་གནས་བབ་འདིར་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན། ང་ཚོ་ལ་སྲོག་རླུང་རྔུབ་སའི་རླུང་ཁམས་ཆེན་པོ་ཞིག་ཡོད་པ་དང་། སེམས་ཅན་རིགས་ལ་འཚོ་རྟེན་གྱི་ཟས་སྣ་ཡོད་པ། སྐྱེ་བཞིན་པའི་རྩི་ཤིང་ཡོད་ཚད་ལ་སྐྱེ་འཕེལ་གྱི་ནུས་པ་སྦྱིན་པའི་ལུད་རྫས་ཡོད་པ་སོགས་ཡོད་ཚད་ནི་རྩི་ཤིང་རིགས་ལ་བརྟེན་ནས་ཡོད། དེས་ན་དོན་དངོས་ཐོག་རྩི་ཤིང་ནི་ཅི་ཞིག་ཡིན་ནམ།

ལྗང་མདོག་གི་ཚེ་སྲོག

རྩི་ཤིང་ནི་སྐྱེ་དངོས་རིགས་ཤིག་ཡིན། མི་དང་སེམས་ཅན་གཞན་དག་དང་མི་འདྲ་བར་རྩི་ཤིང་ཕལ་ཆེ་བ་ཞིག་གིས་གང་འདོད་དུ་འགྲོ་རྒྱུག་བྱེད་མི་ཐུབ་པ་དང་། ཟས་བཟའ་མི་ཐུབ། གཅིག་གིས་གཅིག་འདེད་རེས་དང་སྐད་ཆའང་བཤད་མི་ཐུབ། ཁོང་ཚོ་ནི་རྙོག་འཛིང་མེད་པའི་ཚེ་སྲོག་གི་རྒྱུ་སྟབས་བདེ་ཁ་ཤས་ཀྱིས་གྲུབ་པ་དང་འཚོ་ཡུན་ཧྲིལ་པོ་ས་གནས་གཅིག་ཏུ་རྩ་བ་ཚུགས་ནས་སྐྱེལ་བ་རེད། ཁོང་ཚོས་ཟས་སྣ་འཚོལ་བར་འགྲོ་རྒྱུག་བྱེད་རྒྱུའི་ཚབ་ལ་རླུང་ཁམས་ལས་རླུང་རྫས་དང་། ས་གཞི་ལས་ཆུ། ཉི་མ་ལས་འོད་བཅས་འཇིབ་འཐེན་གྱིས་རང་གི་ལོ་འདབ་ཀྱི་ནང་དུ་ཟས་སྣ་གཡོས་པ་རེད། ཁོང་ཚོས་ཟས་སྣ་གཡོས་སྦྱོར་བྱེད་དུས་དམིགས་བསལ་གྱི་རྫས་ཤིག་བེད་སྤྱོད་བྱེད་ཀྱིན་ཡོད། དེ་ནི་རྩི་ཤིང་ཁོ་ནའི་ནང་ཡོད་པའི་ལྗང་རྫས (chlorophyll) ཞེས་པའི་རྫས་རིགས་ཤིག་ཡིན་པ་དང་། དེ་ནི་ཧ་ཅང་བཀྲག་མདངས་ཆེ་བའི་ལྗང་མདོག་ཅིག་ཡིན་པས་རྩི་ཤིང་ཕལ་ཆེ་བའི་ཁ་དོག་ལྗང་ཁུར་སྣང་བ་རེད། རྩི་ཤིང་རིགས་ལ་བཟོ་ལྟ་དང་ཆེ་ཆུང་སོགས་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་ལ། ཁོང་ཚོ་ནི་ཆེ་ཆུང་མི་ལེ་མི་ཊར་གཅིག་ལས་ཀྱང་ཆུང་བའི་ངང་རྩྭ(duckweed)1 ནས་ཆེན་པོ་མི་ཊར་བརྒྱད་ཅུ་གྱ་ལྔ་ལས་བརྒལ་བའི་ཤིང་སྡོང་ཟཱིཁོ་ཡཱ (sequoia)2 དབར་སྐྱེ་འཕེལ་བྱེད་ཐུབ་ཀྱིན་ཡོད། ཤིང་སྡོང་འདི་ནི་ད་ལྟའི་ཆར་སའི་གོ་ལ་འདིའི་སྟེང་གི་སྐྱེ་དངོས་རིགས་ལས་གཟུགས་བོངས་ཆེ་ཤོས་དེ་ཡིན། ཆེ་ཆུང་འདི་གཉིས་ཀྱི་དབར་ལ་ད་དུང་སྐྱེ་དངོས་རིགས་མི་འདྲ་བ་སྟོང་ཕྲག་མང་པོ་ཡོད་ལ། ད་ལྟའི་བར་དུ་ཚན་རིག་པ་ཚོས་རྩི་ཤིང་རིགས་མི་འདྲ་བ་ཁྲི་ཉི་ཤུ་རྩ་དྲུག་ཙམ་ཟིན་ཐོར་བཀོད་ཟིན་པ་རེད། ྾྾྾རྩི་ཤིང་རིགས་གང་ལ་གནས་སྡོད་བྱེད་དམ།

རྩི་ཤིང་རིགས་ཕལ་ཆེ་བ་ཞིག་ནི་སྐྱེ་འཚར་གྱི་ཆེད་དུ་ས་བཅུད་ལ་བརྟེན་དགོས། ས་བཅུད་ཟེར་བ་ནི་ཆུ་དང་རླུང་། རྡོ་ཐལ། སེམས་ཅན་དང་རྩི་ཤིང་རིགས་ཀྱི་བེམ་རོ་བཅས་ལས་གྲུབ་པ་ཞིག་ཡིན་ལ། དེ་ནི་སྐམ་ས་དང་བརླན་གཤེར་གར་ཡོད་ས་ལ་རང་བཞིན་གྱིས་གྲུབ་ཡོང་བ་ཞིག་ཡིན། དེས་ན་རྩི་ཤིང་རིགས་ནི་སའི་གོ་ལའི་སྐམ་ས་གང་ནས་ཀྱང་རྙེད་ཐུབ་ལ། གནས་གང་ཞིག་ནས་ས་བཅུད་དང་། ཆུ། ཉི་མའི་འོད་བཅས་རྙེད་ཐུབ་ན་དེ་རུ་རྩི་ཤིང་སྐྱེ་ཐུབ། འོན་ཀྱང་བྲག་ཕུག་ལྟ་བུ་ཉི་འོད་མེད་པའི་མུན་ཁྲོད་དང་། གྲང་ངར་ཧ་ཅང་ཆེ་བའི་ཡུལ་དཔེར་ན་འཛམ་གླིང་ལྷོ་སྣེ་དང་བྱང་སྣེ་ལྟ་བུ། ཡང་ན་ས་བབས་ཧ་ཅང་མཐོ་བའི་རི་རྩེ་གངས་ཀྱིས་བཟུང་བ་དང་། བརླན་གཤེར་མེད་པའི་སྐམ་ས་བྱེ་ཐང་ལྟ་བུ་རུ་རྩི་ཤིང་རིགས་སྐྱེ་མི་ཐུབ། རྩི་ཤིང་མང་པོ་ཞིག་ནི་ཆུའི་ནང་དང་། ཁྲོན་པ། གཙང་པོ། མཚོ་དང་མཚེའུ་བཅས་སུ་འཚོ་གནས་བྱེད་པ་དང་། ཕ་བོང་ལ་འབྱར་ནས་སྐྱེས་པ་དང་། ཡང་ན་གཙང་པོའི་མཐིལ་ལ་རྩ་བ་ཚུགས་པའམ་ཆུའི་སྟེང་ལ་གཡེང་ནས་སྡོད་པ་རེད། གཞན་རྟེན་རྩི་ཤིང་(piphytes)3 ངམ་ཡང་ན་རླུང་རྟེན་རྩི་ཤིང་ (air plant) དུ་འབོད་པའི་རྩི་ཤིང་རིགས་ཀྱིས་རང་ཉིད་ལ་དགོས་ངེས་ཀྱི་བརླན་གཤེར་རྣམས་རླུང་ཁམས་ལས་འཇིབ་འཐེན་བྱེད་ཐུབ་པས་ཁོང་ཚོར་རྩ་བ་ཡང་མེད། དེའི་ཕྱིར་ཁོང་ཚོ་ནི་བྲག་རྡོ་དང་། རྩིག་གྱང་། རྩི་ཤིང་གཞན་བཅས་ཀྱི་སྟེང་དུ་སྐྱེ་འཚར་བྱེད་ཐུབ་པ་ཡིན།

རྩི་ཤིང་རིགས་ཀྱིས་རང་ཉིད་ཀྱི་ཟས་སྣ་ཇི་ལྟར་འཚོལ་བ་ཡིན་ནམ།

རྩི་ཤིང་རིགས་འཚོ་གནས་ཐུབ་པ་ལ་ཉི་མའི་འོད་ལ་བརྟེན་ནས་རང་ཉིད་ཀྱི་ཟས་སྣ་བཟོ་དགོས། ཁོང་ཚོས་བྱེད་ལས་འདི་ཉིད་འོད་ཀྱི་སྡེབ་སྦྱོར (photosynthesis)4 ཞེས་པའི་བྱེད་ལས་ལ་བརྟེན་ནས་རང་ཉིད་ཀྱི་ལོ་འདབ་ནང་དུ་སྤེལ་དགོས་པ་དང་། ལོ་འདབ་ཀྱི་ནང་དུ་ཟས་རིགས་བཟོ་གྲྭ་ཆུང་ཆུང་ཁལོརོ་ཕལས྄་ཊས྄(chloroplasts) ཟེར་བ་ཞིག་ཡོད་ལ། དེ་ནི་ལྗང་རྫས་ཀྱིས་ཁེངས་ཤིང་ལྗང་རྫས་དེ་དག་གིས་ཉི་འོད་འཇིབ་འཐེན་བྱེད་ཀྱིན་ཡོད། ཉི་འོད་ལས་བྱུང་བའི་ནུས་ཤུགས་དེ་དག་རྫས་སྦྱོར་གྱི་ནུས་པར་བེད་སྤྱོད་བྱེད་པ་དང་། དེས་བརླན་གཤེར་དང་རླུང་ལས་བྱུང་བའི་ནུས་པ་དག་རྩི་ཤིང་གི་ཟས་བཅུད་ལ་སྒྱུར་བཞིན་ཡོད། དེ་ལྟར་རྩི་ཤིང་གིས་ཟས་བཅུད་དེ་དག་བེད་སྤྱད་ནས་ཡལ་ག་གསར་པ་སྐྱེད་པ་དང་འཚར་ལོངས་བྱེད་པ་རེད།

རྩི་ཤིང་གི་ཡན་ལག་གཙོ་བོ་ཁག

དཔེར་མཚོན་གྱི་རྩི་ཤིང་ཞིག་ལ་རྩ་བ་དང་། གཞུང་རྟ། ཡལ་ག། ལོ་འདབ། མེ་ཏོག་བཅས་དང་ལྡན་པ་དང་། དེའི་ནང་ངོས་སུ་ཡན་ལག་འདྲ་མིན་ལ་ཆུ་དང་བཅུད་རྫས་འདྲེན་བྱེད་ཀྱི་སྦུ་གུ་ཡོད། སྦུ་གུ་དེ་དག་ནི་ཛཡི་ལེམ (xylem) དང་པལོ་ལྭའམ (phloem) ཟེར་བའི་རྩི་ཤིང་གི་ཕུང་གྲུབ (plant tissue)5 རིགས་གཉིས་ཀྱིས་གྲུབ་པ་ཡིན་ནོ།། པལོ་ལྭའམ་དང་ཛཡི་ལེམ་གཉིས་དང་ལྡན་པའི་རྩི་ཤིང་རིགས་ལ་རྩ་སྦུག་གི་རྩི་ཤིང་(vascular plants) ཟེར་ཞིང་། ཧ་ལམ་རྩི་ཤིང་ཕལ་ཆེ་བ་འདིའི་ཁོངས་སུ་གཏོགས་པ་ཡིན། འོན་ཀྱང་ང་ཚོར་ཤ་བལ་(liverworts) ལྟ་བུའི་རྩི་ཤིང་རྩ་སྦུག་མེད་པའི་རིགས་ཀྱང་ཡོད། ཁོང་ཚོར་ཟས་བཅུད་དང་གཤང་གཅི་སོགས་འདོར་ལེན་བྱེད་སའི་མ་ལག་ལོགས་སུ་མེད་པར་ལུས་ཕུང་རང་སྟེང་ནས་བྱེད་སྒོ་དེ་དག་སྤེལ་བ་ཡིན།

རྩི་ཤིང་གི་སྦུབས་ཕྲན།

སྐྱེ་དངོས་གཞན་ཀུན་དང་མཚུངས་པར་རྩི་ཤིང་རྣམས་ཀྱང་ཧ་ཅང་ཕྲ་བའི་གྲུབ་ཆ་སྦུབས་ཕྲན་ཞེས་པ་ལས་གྲུབ་པ་ཡིན། རྩི་ཤིང་གི་སྦུབས་ཕྲན་ནི་སེམས་ཅན་རིགས་ཀྱི་སྦུབས་ཕྲན་དང་མི་འདྲ་བར་ཁོང་ཚོར་སྲ་ཞིང་མཁྲེགས་པའི་སྦུབས་ཕྲན་གྱི་ཤུན་པགས་ཡོད། གལ་སྲིད་ཁྱེད་ཀྱིས་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་རྩི་ཤིང་གི་སྦུབས་ཕྲན་ལ་བལྟས་པ་ཡིན་ན། དེ་ནི་ནམ་ཡང་ས་ཕག་ཆུང་ཆུང་ཞིག་གམ་ཡང་ན་ཁང་ཆུང་གྲུ་བཞི་མ་ལྟ་བུ་ཞིག་ཏུ་མཐོང་ངེས་ཡིན། རྩི་ཤིང་སྐྱེ་འཕེལ་བྱེད་པ།

སྐྱེ་དངོས་གཞན་ཀུན་དང་མཚུངས་པར་རྩི་ཤིང་རིགས་ཀྱིས་ཀྱང་རང་ཉིད་ཀྱི་རིགས་རྒྱུད་ཕྱི་མ་སྤེལ་བ་དང་ཐོན་སྐྱེད་བྱེད་པ་རེད། མེ་ཏོག་སྐྱེད་པའི་དཔེར་མཚོན་གྱི་རྩི་ཤིང་ཉལ་ཐའི་མེ་ཏོག(poppy) ལྟ་བུར་མཚོན་ན། དེས་ཟེགས་རྡུལ་ཕོ་པཱོ་ལེན(pollen)དང་ཟེགས་རྡུལ་མོ་ཨོ་ལྭིཡོ་(ovule) ཟེར་བའི་སྦུབས་ཕྲན་མི་འདྲ་བ་གཉིས་སྐྱེད་ཀྱིན་ཡོད་ལ། སྦུབས་ཕྲན་མི་འདྲ་བ་གཉིས་མཉམ་འབྲེལ་གྱིས་ས་བོན་སྐྱེད་པ་དང་དེ་ལས་རིམ་བཞིན་རྩི་ཤིང་གསར་པ་སྐྱེ་བ་རེད། རྩི་ཤིང་གཞན་དག་ནི་དེ་ལས་ཀྱང་སྟབས་བདེ་བའི་སྒོ་ནས་རིགས་མྱུག་སྐྱེད་ཀྱི་ཡོད། དཔེར་ན། རྩྭ་ལྡུམ་རེ་ཟུང་ནི་རྩ་བའི་ཟུར་ངོས་ནས་སྐྱེ་ཐུབ་པ་དང་དེ་ཚོར་འོག་གཞུང་ངམ་འོག་རྩ (rhizomes)6 ཞེས་འབོད་པ་རེད། རྗེས་སུ་དེ་ཚོ་ཡར་འཚར་སྐྱེད་ཀྱིས་རིམ་བཞིན་སྔར་གྱི་མ་སྡོང་དང་ཁ་གྱེས་ནས་རྩི་ཤིང་གསར་པ་ཞིག་ལ་འགྱུར་བ་ཡིན་ནོ།།

རྩི་ཤིང་རིགས་བྱུང་ནས་ད་བར་ལོ་ངོ་ཅི་ཙམ་སོང་ཡོད་དམ།

ཚན་རིག་པ་ཚོས་རྩི་ཤིང་རིགས་ནི་ལོ་ངོ་ས་ཡ་སྟོང་ཕྲག་གསུམ་ཙམ་གྱི་སྔ་རོལ་ནས་རྒྱ་མཚོའི་ནང་དུ་ཐོག་མར་སྐྱེ་འགོ་ཚུགས་པར་བསམ་བཞིན་ཡོད་ལ། དེའི་རྗེས་ཀྱི་ལོ་ངོ་ཧ་ཅང་མང་པོའི་རྗེས་ཏེ། རོབ་རྩིས་ཙམ་བྱས་ན་ལོ་ངོ་ས་ཡ་ལྔ་བརྒྱ་ཙམ་གྱི་རྗེས་སུ་གཞི་ནས་སྐམ་སའི་ཐོག་ཏུ་རྩི་ཤིང་རེ་ཟུང་བྱུང་བར་འདོད། རྩི་ཤིང་རྙིང་པ་རྣམས་འཇིག་ཞིང་རུལ་བ་དང་མཉམ་དུ་རྩི་ཤིང་གསར་པ་སྐྱེ་བར་མེད་དུ་མི་རུང་བའི་མཐུན་རྐྱེན་དེ། ས་གཤིན་རིམ་བཞིན་འཕེལ་བ་དང་རྩི་ཤིང་གསར་པ་སྐྱེ་རྒྱུ་ལས་སླ་ནས་སླ་རུ་ཕྱིན་པ་རེད། དེ་ལྟར་རྩི་ཤིང་རིགས་སྐམ་སའི་ས་ཁྱོན་ཧ་ཅང་ཆེན་པོར་ཁྱབ་པ་དང་ཆེས་ཐོག་མའི་ཤིང་ནགས་གྲུབ་པར་གྱུར། ལོ་རྒྱུས་མ་བྱུང་སྔོན་གྱི་རྩི་ཤིང་རིགས་ཁ་ཤས་ཤིག་ནི་འགྱུར་རྡོ་རུ་གཅེས་ཉར་གྱིས་ཚན་རིག་པ་ཚོས་དུས་རབས་རིམ་བགྲོད་ཀྱི་ཁྲོད་ནས་རྩི་ཤིང་རིགས་ལ་འཕོ་འགྱུར་ཇི་ལྟར་བྱུང་ལུགས་ཀྱི་གསང་བརྟོལ་རྒྱུ་ཆར་བེད་སྤྱོད་བྱེད་བཞིན་ཡོད། གཞན་ཡང་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་རྡོ་སོལ་ནི་ལོ་ངོ་ས་ཡ་མང་པོའི་སྔོན་གྱི་རྩི་ཤིང་རིགས་ས་འོག་ཏུ་ཤོར་བ་ལས་གྲུབ་པ་ཡིན་ནོ།།

རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ།

རྩི་ཤིང་གིས་ང་ཚོའི་རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། སའི་གོ་ལའི་མཐའ་འཁོར་གྱི་རླུང་ཁམས་འདི་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། མི་དང་སེམས་ཅན་གཞན་དག་གིས་དབུགས་གཏོང་ལེན་བྱེད་དུས། ཁོང་ཚོས་འཚོ་རླུང་ (oxygen) ཟེར་བའི་རླུང་ཞིག་རྔུབ་པ་དང་། ནག་རླངས་ཉིས་འགྱུར (carbon dioxide) ཟེར་བའི་རླུང་ཞིག་ཕྱིར་འབྱིན་བྱེད། འོན་ཀྱང་། རྩི་ཤིང་རིགས་ཀྱིས་ཉི་འོད་ལ་བརྟེན་ནས་ཟས་སྣ་བཟོ་དུས་ཏག་ཏག་མི་དང་སེམས་གཞན་དག་གི་ལྡོག་ཕྱོགས་ཡིན། ཁོང་ཚོས་ནག་རླངས་ཉིས་འགྱུར་ནང་དུ་རྔུབ་པ་དང་། འཚོ་རླུང་ཕྱིར་འབྱིན་བྱེད། དེའི་ཕྱིར། གཞི་རྒྱ་ཆེ་བའི་ཤིང་ནགས་ནང་གི་རྩི་ཤིང་དང་། སྤང་ལྗོངས། རྒྱ་མཚོ་བཅས་ཀྱིས་ད་གཟོད་སའི་གོ་ལ་འདིར་མི་དང་སེམས་ཅན་གཞན་དག་འཚོ་གནས་ཐུབ་པར་ཁག་ཐེག་བྱེད་པ་ཡིན་ནོ།།

རྩི་ཤིང་དང་ཟས་ཀྱི་ཕྲེང་བ།

ཟས་ཀྱི་ཕྲེང་བ་ནི་སྲོག་ཆགས་རིགས་ཀྱིས་གཅིག་གིས་གཅིག་བཟའ་རེས་བྱེད་པའི་སྐྱེ་དངོས་རིགས་ཀྱི་འཁོར་འགྲོས་ཤིག་ཡིན་ལ། རྩི་ཤིང་རིགས་ནི་འཛམ་གླིང་སྟེང་གི་སྐྱེ་དངོས་ཡོངས་ཀྱི་ཟས་ཀྱི་ཕྲེང་རིམ་ཆེས་འོག་མ་ན་ཡོད་པས་འཚོ་གནས་ཐད་མེད་ཐབས་མེད་པ་ཞིག་ཡིན། རྩི་ཤིང་རིགས་ཀྱིས་ཧམ་སྤུ (fungi) དང་འབུ་ཕྲ (bacteria) སོགས་ཀྱིས་མཚོན་པའི་སྐྱེ་དངོས་གཞན་དག་ལ་ཡང་ཟས་སྣ་མཁོ་སྤྲོད་བྱེད་ཀྱི་ཡོད། དེ་ཙམ་དུ་མ་ཟད་ཤ་གཟན་སེམས་ཅན་ཚོས་ཀྱང་རྩི་ཤིང་ལ་བརྟེན་ནས་ཡོད་པ་སྟེ། རྒྱུ་མཚན་ནི་ཁོང་ཚོའི་འཚོ་བརྟེན་དུ་གྱུར་པའི་སེམས་ཅན་དེ་དག་ནི་རྩྭ་གཟན་སེམས་ཅན་ཡིན་པས་སོ།།

མིའི་འཚོ་རྟེན།

འགྲོ་བ་མིའི་ཟས་ཀྱི་ཕྲེང་བའི་ཐད་ནས་བཤད་ན་ཡང་རྩི་ཤིང་རིགས་ནི་ཟས་ཀྱི་ཕྲེང་བའི་གཤམ་འོག་ལ་ཡོད། ཐད་ཀར་རམ་ཡང་ན་བརྒྱུད་ནས་ཀྱང་རུང་སྟེ། ཧ་ལམ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་ཟས་སྣ་ཕལ་ཆེ་བ་མཁོ་སྤྲོད་བྱེད་ཀྱི་ཡོད། ང་ཚོས་འབྲས་དང་། གྲོ། མ་རྨོས་ལོ་ཏོག་སོགས་ཀྱིས་མཚོན་པའི་འབྲུ་རིགས་དང་། ཀུ་ཤུ་དང་། ངང་ལག སོགས་ཀྱིས་མཚོན་པའི་ཤིང་ཏོག་དང་། པད་ཚལ་སོགས་ཀྱིས་མཚོན་པའི་ཚལ་སྣ་བཅས་ཧ་ཅང་ཁྱོན་ཆེ་བཟའ་བཞིན་ཡོད། མ་ཟད་ང་ཚོས་རྩི་ཤིང་གི་ཐོན་སྐྱེད་རྒྱུ་ཆ་བྱེ་མ་ཀ་ར་དང་། ཇ་ཤིང་། ཅོཀ་ལེཊ་སོགས་དང་། དེ་དང་མཚུངས་པར་རྩི་ཤིང་ལ་བརྟེན་ནས་འཚར་བའི་བ་གླང་དང་། ལུག་སོགས་ཀྱི་ཤ་བཅས་བཟའ་བཞིན་ཡོད།

ལོ་ངོ་ཁྲི་གཅིག་ལྷག་གི་ཡར་སྔོན་བར་མི་རྣམས་ཀྱིས་རྩྭ་ལྡུམ་གྱི་རྩ་བ་དང་། རི་ལ་སྐྱེས་པའི་རྩི་ཤིང་གཞན་དག་འཚོལ་སྡུད་ཀྱིས་ཁ་ཟས་ལ་སྤྱོད་པ་དང་། དེང་སྐབས་ང་ཚོས་རང་ཉིད་ཀྱིས་ཞིང་ཁར་འདེབས་ལས་བྱས་པའི་རྩི་ཤིང་རིགས་གཙོ་བོར་སྤྱོད་བཞིན་ཡོད། དུས་རབས་མང་པོའི་ཁྲོད་དུ་མི་རྣམས་ཀྱིས་སྐྱེ་སྤེལ་བྱེད་སླ་ལ་སྤྱོད་སྒོ་མང་བའི་རྩི་ཤིང་རིགས་འཚོལ་སྡུད་ཀྱིས་སྔོན་ཆད་རི་ལ་སྐྱེས་པའི་རྩྭ་ལྡུམ་རིགས་ཀྱང་འདེབས་ལས་ཀྱིས་རྣམ་པ་སྣ་ཚོགས་པའི་རྩི་ཤིང་གསར་པ་སྐྱེ་སྤེལ་བྱས་ཡོད། དཔེར་ན་དེང་སྐབས་ཀྱི་གྲོ་ཞིང་ནི་སྔོན་ཆད་ཀྱི་རི་སྐྱེས་རྩྭ་ལྡུམ་ཨིན་ཀའོང་(einkorn) ཞེས་པ་ལས་འདེབས་ལས་ཀྱིས་གསར་སྤེལ་བྱས་པ་དང་། སྔོན་ཆད་ཀྱི་དེ་དང་བསྡུར་ན་འདི་ལ་ས་བོན་ཆེ་ཞིང་ཟས་སྣའང་ཁྱོན་ཆེ་མཁོ་སྤྲོད་བྱེད་ཀྱི་ཡོད། ྾྾྾ རྩི་ཤིང་རིགས་ལ་སྤྱོད་སྒོ་གཞན་དག་ཅི་ཞིག་ཡོད་དམ།

ཁ་ཟས་གཅིག་པུ་མིན་པར་རྩི་ཤིང་རིགས་ལ་སྤྱོད་སྒོ་འདྲ་མིན་སྟོང་ཕྲག་ཁ་ཤས་ཡོད། དེང་སྐབས་ཀྱི་སྨན་རྫས་དཔེར་ན་གཉན་འཇོམས་སྨན་ཨེས྄་པརིན (aspirin) 7 དང་། མོར་ཕྷིན (morphine) 8 ཁུཡི་ནན (quinine) 9 སོགས་ནི་ང་ཚོས་གསང་བརྟོལ་བྱས་པའི་རྩྭ་སྨན་ཐོག་མའི་གྲས་དག་ཡིན། ཇ་ཤིང་ལོ་མ་དང་། ཐ་མག་སོགས་ལས་སྣོན་བྱས་པའི་བཟི་སྨན་ཕལ་ཆེ་བ་དང་། གྱོན་གོས། འགྱིག་རིགས། ཁང་པ། གྲུ་གཟིངས་ སོགས་ང་ཚོར་མཁོ་བའི་དངོས་རིགས་གྲངས་ལས་འདས་པ་ཞིག་ནི་རྩི་ཤིང་ལས་བྱུང་བ་དང་། དེ་དག་བཟོ་མཁན་གྱི་མི་ཁྲི་སྟོང་མང་པོའི་ལས་ཀ་ཡང་རྩི་ཤིང་ལ་བརྟེན་ནས་བྱུང་བ་ཡིན་ནོ།།

ཚིག་གནད་མཆན་འགྲེལ།

1 ཆུ་ངོགས་སུ་འཕྱོ་ནས་སྐྱེས་པའི་རྩྭ་ཕྲན་ཞིག་སྟེ། རྩ་བ་དང་གཞུང་རྟ་སོགས་མེད་ལ་ཆུང་ཞིང་སྒོར་བའི་ལོ་ འདབ་ཅན་ཞིག་ཡིན། ཚ་གྲང་སྙོམ་པའི་ཆུའི་ནང་དུ་སྐྱེ་བ་ཡིན།

2 ཁེ་ལོ་ཕྷོར་ནིཡ་ཡི་སྡོང་རྒན་ཏེ། ཁེ་ལོ་ཕྷོར་ནིཡ་རུ་སྐྱེས་པའི་བོངས་ཆེ་ལ་མདོག་དམར་བའི་ཤིང་སྡོང་ཆེན་པོ་ཞིག་ཡིན།

3 གཞན་གྱི་སྟེང་དུ་སྐྱེ་འཚར་བྱེད་པའི་རྩི་ཤིང་རིགས་ཤིག་སྟེ། ཁོང་ཚོས་རྩི་ཤིང་གཞན་གྱི་སྟེང་ངམ་ཡང་ན་གཞན་གྱི་རོགས་འདེགས་ལ་བརྟེན་ནས་འཚར་ལོངས་བྱེད་པའི་རྩི་ཤིང་རིགས་ཤིག་ཡིན། འོན་ཀྱང་ཁོང་ཚོས་བཅུད་རྫས་ཀྱི་ཆེད་དུ་གང་ལ་བརྟེན་པའི་ཡུལ་དེར་ལྟོས་མི་དགོས་པར་རང་ངོས་ནས་མཁོ་སྒྲུབ་བྱེད་ཐུབ།

4 འོད་ཀྱི་སྡེབ་སྦྱོར། ཉི་འོད་དང་ཆུ་རླུང་གསུམ་ལ་བརྟེན་ནས་ལོ་འདབ་ནང་ཟས་བཅུད་སྡེབ་སྦྱོར་བྱེད་པའི་བྱེད་ལས་ལ་ཟེར།

5 སྐྱེ་དངོས་ནང་གི་སྦུབས་ཕྲན་གྱི་ཚོགས་ཤིག། སྦུབས་ཕྲན་འབོར་ཆེན་ཞིག་གིས་གྲུབ་པའི་སེམས་ཅན་དང་རྩི་ཤིང་གཉིས་ནང་གི་སྐྱེ་ལྡན་ཕུང་པོའི་རྒྱུ་ཆ་ཞིག་སྟེ། དེ་དག་ཚང་མར་ཆགས་དབྱིབས་དང་བྱེད་ལས། དེ་བཞིན་སྦུབས་ཕྲན་ནང་ཁུལ་གྱི་རྫས་རིགས་གཅིག་ལ་གཅིག་བརྟེན་གྱི་ཚུལ་སོགས་ཕན་ཚུན་འདྲ་མཚུངས་ཡོད། ཕུང་གྲུབ་ཅིག་གི་གཞི་རྩའི་གྲུབ་ཆ་བཞི་ནི་དབང་རྩ་དང་། ཤ་རྒྱུས། གོང་ཤུན།(epidermal) མཚམས་སྦྱོར་བྱེད་པབཅས་ཡིན་ནོ།།

6 ས་འོག་གི་གཞུང་རྟ་སྟེ། རྩི་ཤིང་ཞིག་གི་རྩ་བ་དང་ས་ངོས་སུ་ཐོན་པའི་གཞུང་རྟ་གཉིས་དབར་གྱི་གཞུང་རྟ་སྟེ། ས་འོག་ཏུ་ཡོད་ཀྱང་རྩ་བའི་ཆ་ཤས་མིན་པར་གཞུང་རྟའི་ཆ་ཤས་ཡིན། དེས་རྩ་བ་དང་མྱུ་གུ་སྐྱེད་ཐུབ་པ་དང་། ཕྱིས་སུ་མྱུག་གུ་དེ་ལས་རྩི་ཤིང་གསར་པ་འཕེལ་བ་རེད།
7 ཟུག་འཇོམས་སྨན་ཞིག་སྟེ། གཉན་ཁ་དང་ན་ཟུག ཚ་ཚད་སོགས་འཇོམས་ཤིང་ཁྲག་བརླིང་བྲི་བའི་བཟི་ཁ་ཅན་གྱི་སྨན་ཞིག་ཡིན།
8 ཟུག་འཇོམས་བཟི་སྨན། སྐྱུར་རྫས་འཇོམས་པའི་བཟི་སྨན་ཞིག་སྟེ་ཡུན་རིང་བསྟེན་ན་ངན་གོམས་ཆགས་པར་འགྱུར།
9 དུག་སྦྲང་ལས་འགོས་པའི་ཚད་རིམ་མ་ལེ་རི་ཡ་(Malaria) ཞེས་པའི་བཟི་སྨན་ཏེ། cinchona ཞེས་པའི་ཤིང་སྡོང་ལས་བཟོས་པའི་བཟི་སྨན་རོ་ཁ་བ་ཞིག འདར་ཚད་མ་ལེ་རི་ཡ་བཅོས་ཐབས་ལ་བེད་སྤྱོད་གཏོང་བ་ཡིན།
ཡོང་ཁུང་བོད་ཀྱི་ཚན་རིག་དྲ་རྒྱ། 

ཐེངས་ 42302 བཀླགས་འདུག