Donate

༢༠༡༨ ལོའི་ཁོར་ཡུག་གི་འགྲན་རྩོམ་ནང་བོད་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན།

འགྱིག་རིགས་མཁོ་འདོན་བྱས་པའི་མཇུག་འབྲས་དང་འབྱུང་འགྱུར་ཁོར་ཡུག་ལ་མི་གནོད་པའི་འགྱིག་རིགས་བཀོལ་སྤྱོད་བྱེད་ཐབས།

འཕྲིན་ལས་འོད་ཟེར།

སྔོན་གླེང་།

མིའི་རིགས་ཀྱི་འདོད་རྔམ་དང་ཧམ་སེམས་ལ་བརྟེན་ནས་གོ་ལ་འདི་བཞིན་ཁ་ཆག་སྣ་རལ་དུ་གཏོང་བཞིན་ཡོད་པ་ནི་བློ་ལྡན་སུས་ཀྱང་བཤད་སྤོབས་པ་ཞིག་ཡིན་ཡང་།

དེང་གི་ཚན་རྩལ་རིག་གནས་ཀྱི་གོམ་སྟབས་གསར་བ་འདི་དབང་བཙན་པས་མི་རྣམས་རང་རང་གི་འདོད་མོས་དང་སྒེར་དོན་ལ་སེམས་པ་གཡེང་སྟེ། འཇིག་རྟེན་སྤྱི་སྨན་གྱི་བསམ་བློ་ཞིག་ལྟ་ཞོག་ཐ་ན་རང་རང་གི་ཉེ་འཁོར་གྱི་ཁོར་ཡུག་ཙམ་ལ་ཡང་རྟོག་ཞིབ་མི་བྱེད་ཀྱི་གནས་སུ་གྱར་ཡོད།ལྷག་པར་དུ་ཆེས་ཉེན་ཚབས་ཆེ་བའི་རླུང་ཁམས་སྦགས་བཙོག་གི་གནས་སྟངས་འདི་སྤྱི་སྒེར་གཉིས་ལ་འབྲེལ་ལམ་དམ་ཟབ་ཡོད་པ་ཞིག་ཡིན་མོད།བྱེ་བྲག་གི་གནས་སྟངས་ལ་གཙིགས་ཆེར་བཟུང་སྟེ་སྤྱིའི་བདེ་སྡུག་འདྲ་མཉམ་གྱི་ཀུན་སློང་ཉམས་བཞེས་གནང་མཁན་ཧ་ཅང་དཀོན་པོར་གྱུར་ཡོད་སྟབས།རླུངས་ཁམས་སྦགས་བཙོག་གི་རྐྱེན་གྱིས་གོ་ལའི་ཚ་དྲོད་མི་སྙོམས་པའི་གནས་སྟངས་འོག་ཡོངས་གྲགས་སུ་ལོ་རེར་འཛམ་གླིང་གི་མི་ས་ཡ་བདུན་ལྷག་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་འགྲོ་མུས་ཡིན་པ་འཛམ་གླིང་བདེ་ཐང་སྒྲིག་འཛུགས་ཀྱིས་གསལ་འགྲེལ་བྱས་ཡོད།རླུང་ཁམས་སྦབས་བཙོག་གི་རྐྱེན་རྩ་སྣ་ཚོགས་ཡོད་པའི་ཁོངས་ནས་ཆེས་འབྱུང་སླ་ཞིང་འབྱུང་ན་ཉེན་ཚབས་ཆེ་བའི་མིག་སྔར་གྱི་གནས་ཚུལ་རྫབ་ཆེན་གཅིག་དེ་གད་སྙིགས་མེར་བསྲེགས་ཀྱི་བྱས་ཉེེས་འདི་རེད།འདི་ནི་སྤྱི་སྒེར་སུས་ཀྱང་ལག་སྟར་བྱེད་སླ་ཞིང་བྱེད་ན་སྟབས་བདེ་བའི་གོ་ལ་སྤྱི་ཡོངས་ལ་ཕན་ཐོག་ཡོད་པའི་ལེགས་བཅོས་ཀྱི་འགྱུར་བ་གལ་ཆེན་ཞིག་ཏུ་ལགས་ཀྱང་།མི་གང་མང་ལ་གད་སྙིགས་མེར་བསྲེག་གི་བྱས་ཉེས་སྐོར་གྱི་རྒྱུན་ཤེས་ཙམ་ཡང་ཆེས་དཀོན་པོར་མཐོང་བས་ད་ལམ་གོ་སྐབས་འདི་བརྒྱུད་དེ་རང་རེའི་སྤྱི་ཚོགས་སུ་གད་སྙིགས་མེར་བསྲེགས་ཀྱི་གནད་དོན་གཙོ་བོ་གང་ཡིན་དང་།གད་སྙིགས་མེར་བསྲེགས་ཀྱིས་གོ་ལ་སྤྱི་ལ་ཤན་ཤུགས་ཅི་ཐེབས།གད་སྙིགས་མེར་བསྲེགས་ཀྱི་མཇུག་འབྲས་ཅི་ཡིན།གད་སྙིགས་མེར་བསྲེགས་མི་གཏོང་བའི་ཐབས་ཚུལ་ཅི་ཡོད་སོགས་དོན་ཚན་འགའ་ཆེ་བགོས་བྱས་ཏེ་གནད་དོན་མདོར་བསྡུས་ཤིག་གླེང་བར་མོས།།

འགྱིག་རིགས་མེར་བསྲེགས་ཀྱི་གནད་དོན།

དབྱིན་སྐད་དུ(trash burning)སྟེ་གད་སྙིགས་མེར་བསྲེགས་ཀྱི་ཉེན་ཚབས་གཙོ་ བོ་དེ་འགྱིག་རིགས་མེར་བསྲེགས་གཏོང་བ་ལ་གོ་ཞིང་། འགྱིག་རིགས་མཁོ་འདོན་བྱས་པའི་ཉེན་ཚབས་ཡོད་མེད་ལ་མ་ལྟོས་པར་འཚོ་བའི་འདོད་ཧམ་ལ་ཞེན་ཏེ་གོ་ལ་འདིའི་སྟེང་འོག་ཀུན་འགྱིག་རིགས་ཀྱིས་ཡོངས་སུ་ཁེངས་ལ་ཉེ་བའི་དུས་རབས་ཤིག་ཚེས་བར་རློམ་ཆོག་པར་འདོད་དེ་སྤྱི་ལོ་༢༠༡༧ ་ཟླ་༩ ་ཚེས་༢༨་ཉིན་དབྱིན་ཡུལ་གྱི་དྲྭ་ཚིགས་གྲགས་ཆེ་བ་(The Independence Online) གྱི་ཁོར་ཡུག་ཚན་པས་གནས་ཚུལ་སྤེལ་བ་གཞིགས་ན་སྤྱི་ལོ་༢༠༥༠་ནས་ རྒྱ་མཚོའི་ནང་གི་འགྱིག་རིགས་ཕྲ་མོ་རྣམས་ནམ་མཁའི་དགུ་ཚིགས་ཀྱི་སྐར་འཚོགས་ལས་ཐེངས་ལྔ་བརྒྱ་ལ་མང་བར་འགྱུར་ལ། ལོ་དུས་དེ་ནས་རྒྱ་མཚོའི་ནང་གི་ཉ་རིགས ་ལས་ཀྱང་འགྱིག་རིགས་ཀྱིས་མང་བར་འགྱུར་ཞེས་བཤད། སྤྱི་ལོ་༡༩༥༠་ནས་ད་ལྟ་ བར་དུ་འགྱིག་རིགས་ཏུན་ཐེར་འབུམ་༨.༣་ཙམ་མཁོ་འདོན་བྱས་ཟིན་ཅིང་།ཆ་སྙོམས་ཀྱིས་ལོ་རེར་འགྱིག་རིགས་ཏུན་ས་ཡ་བརྒྱད་ལྷག་རྒྱ་མཚོའི་ནང་དུ་འགྲོ་བཞིན་ཡོད་ཅེས་ཀྱང་ར་སྤྲོད་གནང་ཡོད།འགྱིག་རིགས་ལ་ཁག་སྣ་ཚོགས་ཡོད་པར་བརྟེན་འགྱིག་རིགས་བཀོལ་སྤྱོད་རྗེས་ཀྱི་རུལ་ཚུལ་དང་རུལ་ཡུན་ལ་ཡང་དུས་ཡུན་རིང་ཐུང་སྣ་ཚོགས་ཤིག་ཡོད་པ་རེད།ཆ་སྙོམས་ཀྱིས་འགྱིག་རིགས་རྣམས་རུལ་བར་ལོ་༡༠༠༠ཙམ་འགོར་གྱི་ཡོད་ཀྱང་།འགྱིག་གིས་བཟོས་པའི་ཁུག་མ་རྣམས་ལོ་༡༠-༡༠༠༠་འགོར་གྱིན་ཡོད་པ་དང་།འགྱིག་གི་དམ་བུ་རྣམས་ལོ་༤༥༠རིང་ལ་རུལ་མི་བཏུབ་པ་ཚན་རིག་གི་ལམ་ནས་ར་སྤྲོད་གསལ་བོ་བྱས་ཡོད་པས། འགྱིག་རིགས་མེར་བསྲེགས་ཀྱི་བྱས་ཉེས་ཅི་ཡོད་སོགས་གཤམ་ནས་ཅུང་ཟད་ཞིབ་ཀྱིས་འཆད།

འགྱིག་རིགས་མེར་བསྲེགས་ཀྱི་ཤུགས་རྐྱེན།

འགྱིག་རིགས་མེར་བསྲེགས་བཏང་བས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་གཉིས་ཐེབས་ཏེ།དང་པོའི་གོ་ལའི་ཚ་དྲོད་འཕེལ་བར་བྱེད་པ་དང་།གཉིས་པ་མིའི་རིགས་ཀྱི་བདེ་ཐང་ལ་གནོད་ཚབ་གཏོང་བ་རྣམས་རེད། གད་སྙིགས་མེར་བསྲེགས་བཏང་བ་དེས་ནག་རྫས་འབར་རླངས་(Carbon dioxide)ཕྱིར་འདོན་བྱེད་པ་དང་། རླུངས་ཁམས་སྦགས་བཙོག་གི་དཀའ་ངལ་མང་པོ་ཞིག་འགྱིག་ཤོག་མེར་བསྲེགས་བྱས་པ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ལོ་རེ་ནས་གནམ་གཤིས་ཚ་དྲོད་ཇེ་ཆེེར ་སོང་བ་དང་བསྟུན་གླིང་ཡོངས་ཀྱི་རྒྱུགས་ཆུ་རྣམས་རིམ་གྱིས་འཛད་ཅང་། ཚ་དྲོད་ཀྱི་རྐྱེན་ངན་ལ་བརྟེན་ནས་མི་རྣམས་འཆི་འབོར་གྱི་གྲངས་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་འགྱིག་རིགས་མེར་བསྲེགས་བཏང་བ་ལ་བརྟེན་ནས་ནད་ རིགས་ཀྱང་སྣ་ཚོགས་ཤིག་བྱུང་མུས་ཡིན།དཔེར་ན་དྲྭ་ཐོག་གི་ཚན་རིག་ཅེས་པའི་ སྒེར་གཉེར་དྲྭ་ངོས་སུ་གསལ་བ་ལྟར་ན་འགྱིག་རིགས་མེར་བསྲེགས་བཏང་བ་ལ་བརྟེན་ནས་སྙིང་ནད་བསྐྱེད་པ་དང་། དབུགས་གསོག་གི་ན་ཚ། སྐྱ་རྦབ་རླུང་ནད། མགོ་ནད། དེ་བཞིན་མཁལ་མ་དང་མཆིན་པའི་ན་ཚ་སོགས་སྐྱེད་པར་བྱེད་དོ་ཞེས་ནན ་བརྗོད་གནང་འདུག རཱ་ཇབ་གྷན་དྷེ་བྲང་ནད་བརྟག་དཔྱད་ལྟི་གནས་ཁང་(Medical Doctor of Rajiv Gandhi Institute of Chest Disease) གི་སྨན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཤཱ་ཤཱི་དྷར་བྷ་གྷེ་ (Dr.Shashidhar Buggi) ལགས་ཀྱིས་འགྱིག་རིགས་མེར་བསྲེགས་བཏང་བ་དེས་གློ་བ་འབྲས་ནད་ཀྱི་ནད་སྐྱེད་པར་བྱེད་ཀྱི་ཡོད་ཅེས་གསུངས།

འགྱིག་རིགས་མེར་བསྲེགས་ཀྱི་མཇུག་འབྲས།

གོང་ནས་བརྗོད་པ་བཞིན་འགྱིག་རིགས་རྣམས་ལས་སླ་མོར་རུལ་མི་བཏུབ་པས་ས་འོག་ཏུ་སྦས་པ་དང་ཡང་ན་རྒྱ་མཚོར་གཡུག་པ་སོགས་བྱས་ན། དེར་གནས་ཀྱི་སྲོག་ ཆགས་གྲངས་ཀྱིས་མི་ལངས་པ་ཞིག་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དེང་གི་ཚན་རིག་གི་ལམ་ནས་ཁུངས་སྐྱེལ་གསལ་བོ་བྱས་ཡོད། སྲོག་ཆགས་རྣམས་ཀྱིས་ཆུར་གཡུག་པའི་འགྱིག་རིགས་ཁ་ཟས་སུ་རློམ་ནས་ཟ་བཞིན་ཡོད་ལ། འགྱིག་རིགས་དེ་དག་མགྲིན་པ་ནས་འགག་ཅིང་འཇུ་བྱེད་མ་ལག་གིས་ཞུ་བར་བྱེད་མི་ཐུབ་པར་བརྟེན་ཡོངས་གྲགས་ལ་ཆ་སྙོམས་ཀྱིས་རྒྱ་མཚོ་ཆེན་པོ་ནང་གི་སྲོག་ཆགས་འབུམ་བཞི་ཙམ་ལོ་རེར་འཆི་བཞིན་ཡོད་པ“གོ་ལ་གཅིག་”ཅེས་པའི་ཁོར་ཡིག་ཆེ་གཉེར་གྱི་དྲྭ་བ་ལས་གསལ། ལྕམ་ཨན་དྷ་ར་ཐོམ་སོན (Andrea Thompson)་ལགས་ཀྱིས་བརྗོད་པ་ལྟར་ན་གད་སྙིགས་བརྒྱ་ཆ་བཞི་བཅུ་ལྷག་མེེར་སྲེག་གཏོང་བཞིན་འདུག་ལ། བརྒྱ་ཆ་བཞི་བཅུ་ནས་ལྔ་བཅུ་བར་གྱི་འགྱིག་རིགས་གད ་སྙིགས་དེ་དག་ཀར་བོན (carbon) ལས་གྲུབ་པ་ཤ་སྟག་ཆགས་ཡོད་ཅེས་ཟེར། དབྱིན་ཇི་གསལ་ཁང་གྲགས་ཆེན་(The Guardian) གྱིས་སྤྱི་ལོ་༢༠༡༦་ ཟླ་ ༡༠ ཚེས་༢༤ཉིན་གནས་ཚུལ་སྤེལ་བ་གཞིག་ན་རྒྱ་གར་གྱི་ཀོལ་ཀཱ་ཏཱའི་ལོ་ན་༥༠་ཟིན་པ་མང་ཆེ་བ་གད་སྙིགས་མེར་བསྲེགས་ཀྱིས་རྐྱེན་བྱས་ཏེ་གྲོངས་བཞིན་ཡོད་ལུགས་ཀྱི་འགྲེལ་བརྗོད་བྱས།གད་སྙིགས་མེར་བསྲེགས་ཀྱི་བྱ་བ་འདིས་རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་བྱེད་རྐྱེན་རྒྱ་གར་དབུས་གཞུང་གིས་འགྱིག་རིགས་མེར་སྲེག་བྱེད་པ་དེ་ཁྲིམས་འགལ་གྱི་བྱ་བ་ཡིན་པའི་ཁྲིམས་གཞི་སྤྱི་ལོ་ ༢༠༠༣་་ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཏན་ལ་ཕབ་ཡོད། ད་དུང་འགྱིག་རིགས་མེར་བསྲེགས་ཀྱི་བྱས་ཉེས་ངན་པ་སྣ་ཚོགས་བགྲང་རྒྱུ་ཡོད་ཀྱང་སྐབས་བབ་ཡིག་ཚོགས་ལ་འཇིག་ནས་མ་བྲིས།

 འགྱིག་རིགས་མེར་སྲེག་མི་གཏོང་བའི་ཐབས་ལམ་འགའ།

འགྱིག་རིགས་མེར་བསྲེགས་བཏང་བའི་ཉེས་དམིགས་དང་གྱོང་གུད་སོགས་གོང་ནས་རོབ་ཙམ་གླེང་ཟིན་པ་ལྟར། འདི་ནས་འགྱིག་རིགས་མེར་བསྲེག་མི་གཏོང་བའི་ཐབས ་ལམ་འགའ་ཞིག་གླེང་ན། ལས་དོན་ཅི་ཞིག་ཡིན་ན་ཡང་ཐོག་མར་རང་ཉིད་ནས་འགོ་ བརྩམས་ཏེ་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་བར་གོམ་སྟབས་སྔོན་ལ་འཇོག་དགོས་པར་གཤིས། འགྱིག་རིགས་མེར་སྲེག་མི་གཏོང་བའི་ཐབས་ཚུལ་དེ་དག་ཀྱང་རང་ངོས་ནས་འགོ་རྩོམ་དགོས།དང་པོ་དེ། མི་མང་ལ་འགྱིག་རིགས་མེར་བསྲེགས་ཀྱིས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཅི་ཡོད་ངོ་སྤྲོད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་མཐོ་རུ་གཏོང་བའི་བྱ་འགུལ་གང་ནུས་སྤེལ་དགོས།གཉིས། བཟོ་གྲྭ་ཆེན་པོ་ནས་འགྱིག་རིགས་མཁོ་འདོན་བྱས་མིན་ལ་མ་ལྟོས་པར་གང་ཟག་སྒེར་ངོས་ནས་ཚོང་ཁང་དང་ཟ་ཁང་ཁག་ནས་འགྱིག་ཐུམ་ཅན་གྱི་བྱ་དངོས་མི་ཉོ་བའམ་ཉོ་བ་ཉུང་དུ་གཏོང་ཐབས་ལ་རྟག་ཏུ་འབད་རྩོན་བྱེད་རྒྱུ། གསུམ། འགྱིག་རིགས་ཀྱི་བྱ་དངོས་རྣམས་བསྐྱར་བཅོས་བཟོ་ཁང་ལ་ སྐྱེལ་ཐབས་གནང་རྒྱུ་དང་། བཟོ་ཁང་དེ་དག་གི་བྱ་བར་ལེགས་སོའི་བསྔགས་བརྗོད་གནང་དགོས་པ་མ་ཟད། གལ་སྲིད་རང་ཉིད་ཀྱི་ཁོར་ཡུག་ཏུ་བསྐྱར་བཅོས་བཟོ་ཁང་མེད་ཚེ། གཞུང་སྒེར་ཚོགས་སྡེ་ཁག་ལ་ཅི་ནུས་བཟོ་སྐྲུན་ཁང་དེ་འདྲ་ཞིག་གསར་འཛུགས་ཡོང་བའི་རེ་ཞུ་སྙན་སྒྲོན་ནན་འབུལ་ཞུ་དགོས།བཞི།གལ་སྲིད་ཉེ་འཁོར་གྱི་ ཚོགས་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྣེ་འཁྲིད་གནང་གི་ཡོད་ཚེ། རང་ཉིད་བྱ་འགུལ་དེའི་བླ་ན་མེད་པའི་ཆ་ཤས་གལ་ཆིན་ཞིག་ཡིན་པའི་ངོས་འཛིན་ཐོག་དུས་རྟག་ཏུ་བྱ་འགུལ་དེ་ལྟ་བུ་ལ་འཕྱར་བ་གྲུ་འདེགས་གནང་དགོས་པ་མ་ཟད། རང་དང་འབྲེལ་ཡོད་ཀྱི་རྒན་གཞོན་ཡོངས་ལ་ཡང་མཉམ་ཞུགས་དགོས་པའི་སྐུལ་འདེད་གཏོང་དགོས།ལྔ། འགྱིག་རིགས་ཀྱི་ཚོང་རྫས་བཟོ་མཁན་གྱི་བཟོ་གྲྭ་ཁང་ཁག་ལ་མི་མང་གིས་ས་ཡིག་བསྡུ་རབ་ཞུས་ཏེ་འགྱིག་ཤོག་རིགས་ཀྱི་བཅའ་དངོས་བཟོ་སྐྲུན་མི་བྱེད་པའི་རེ་ཞུ་དང་། གལ་སྲིད་བསྟུད་མར་གནད་དོན་འདིར་ཐུགས་ བཞེས་མ་གནང་ཚེ་དམངས་ཀྱི་བཟོ་གྲྭ་ཁང་གིས་བཏོན་པའི་འགྱིག་ཐུབ་བྱ་དངོས་ཁག་མི་ཉོ་བའི་ཉེན་བརྡ་ཚ་ནན་གཏང་དགོས།

མཇུག་གི་གཏམ་བསྡུས།

མདོར་ན་རང་བྱུང་ཁོར་ཡིག་གི་གནས་སྟངས་འདི་སྔོན་ཆད་བཞིན་རྫས་སྦྱོར་གྱིས་སླད་མ་ཞུགས་པ་ཞིག་ཏུ་འགྱུར་མི་བཏུབ་ཀྱང་།དེང་སྐབས་ཉིན་རེ་བཞིན་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་གནས་སྟངས་རྫབ་ཆེན་འདི་མཚམས་ཆད་དེ་གནས་སྟངས་འདི་ལས་ཐབས་རྡུགས་ཤིག་མི་ཆགས་པའི་རེ་བ་དང་ཡིད་ཆེས་ལ་བརྩོན་པ་གནང་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་འཁུམས་སོ། དེས་ན་གཞུང་སྒེར་སུས་ཀྱང་ ལྕོགས་ཚད་ཀྱིས་ས་སྒང་འདིའི་བདེ་སྡུག་ལ་ཐུགས་བཞེས་གནང་སྟེ་འབད་པ་གང་ནུས་བྱེད་མུས་ལ་གུས་རང་དྭངས་བ་དང་ལྷག་བསམ་གྱི་རྒྱབ་བསྐྱོར་ཞིག་གི་དོད་དུ་རྩོམ་ཡིག་ཐུང་ཐུང་འདི་འབྲི་བར་བརྩམས་ཏེ་རེ་ཞིག་འདི་ནས་མཇུག་རྫོགས་ པའི་དོད་དོ།།

 

སྤྱི་ལོ་ ༢༠༡༨་ ཟླ ༦ ཚེས་ ༥་ ཉིན་དྷ་ས་ནས་རྫོགས་པར་བྱས།

 

ཐེངས་ 42381 བཀླགས་འདུག