Donate

རྒྱ་གར་ནང་ལྷགས་པའི་སྟག་གི་དོན་རྐྱེན་སྐོར།

ཉེ་བའི་ལོ་ཤས་ནང་རྒྱ་ནག་དང་བོད་ནང་སྟག་གི་གཟུགས་པོའི་ཆ་ཤས་རུས་པ་དང་པགས་པ་སོགས་ཉོ་ཚོང་དང་བེད་སྤྱོད་འགྲོ་རྒྱུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་རྒྱ་གར་ནང་བདག་མེད་སེམས་ཅན་གྱི་འཚོ་གནས་ལ་གནོད་འཚེ་དང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་རེད། སྟག་རོ།དཔེར་ན་ཕྱི་ལོ་ ༡༩༩༠ ལོའི་རྗེས་སུ་རྒྱ་གར་དང་བལ་ཡུལ་བཅས་སུ་སྟག་གཟིག་གི་པགས་པ་དང་རུས་པ་སོགས་ཀྱི་ནག་ཚོང་གི་གྲངས་འབོར་ཁྱབ་གདལ་ཆེ་རུ་ཕྱིན་ཡོད་པ་མ་ཟད། ལྷག་པར་དུ་སྟག་དེ་དག་རུས་པའི་དོན་དུ་བསད་པ་གཅིག་པུ་མིན་པར་སྟག་ལྤགས་ཡང་དགོས་མཁོ་དང་ཁྲོམ་རྭར་འགྲོ་རྒྱུགས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

སྟག་རྔོན་རྒྱག་དང་པགས་རུས་ཉོ་ཚོང་ནི་ཁྲིམས་འགལ་ཐོག་ནས་ངོ་ཚ་ཁྲེལ་མེད་དང་འདོད་རྔམ་གྱི་དབང་གིས་རྒྱུ་དངུལ་ཁོ་ནའི་ཆེད་དུ་སེམས་ཅན་དེའི་རིགས་ཀྱི་འཚོ་གནས་ལ་གནོད་འཚེ་གཏོང་གི་ཡོད་པ་དང༌། སྟག་གི་པགས་པ་དང་རུས་པ་དེ་དག་རྒྱ་གར་གྱིས་ཕྱི་ཕྱོགས་སུ་ངན་པ་ལག་འབྲེལ་བྱས་ཏེ་རྒྱ་གར་ནས་བལ་ཡུལ་བརྒྱུད་དེ་ས་མཚམས་ཁག་དང་ཡང་ན་ཐད་ཀར་བོད་དང༌། བརྒྱུད་ལམ་འདྲ་མིན་བརྒྱུད་རྒྱ་ནག་དང་ཧོང་ཀོང་སོགས་སུ་ཁྲིམས་འགལ་གྱིས་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད།

རྩ་ཆེའི་སྟག་དེ་དག་ཁྲིམས་འགལ་གྱིས་རྔོན་རྒྱག་དང་ནག་ཚོང་རྒྱུན་མ་ཆད་པར་ཡོང་གི་ཡོད་པས་དེས་རྒྱ་གར་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་མ་ཟད། རྩ་སྟོངས་འགྲོ་བའི་གནད་དོན་ཞིག་ཆགས་ཏེ་ས་གནས་ཁག་ཅིག་ལ་སྟག་གཅིག་ལའང་ཛ་དྲག་གིས་སྲུང་སྐྱོབ་བྱེད་རྒྱུའི་དུས་སུ་སླེབས་ཡོད་ལ། ད་དུང་སྲུང་སྐྱོབ་ཁུལ་གྱི་ས་གནས་ཁག་གསུམ་ནང་སྟག་གི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་པས་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།

རྒྱ་གར་ནང་སྟག་གི་གནས་ཡུལ་ནགས་ཚལ་ཡོངས་རྫོགས་སུ་རྒྱ་རྙི་དང་གློག་སྐུད། དུག མེ་མདའ་སོགས་ཀྱིས་མནར་གཅོད་རྣམ་པ་སྣ་ཚོགས་ཀྱིས་གསོད་བཞིན་ཡོད་པ་དང༌། ཉིན་ཞིག་རྒྱ་གར་གྱི་དབུས་ས་ཁུལ་དུ་སྟག་མོ་ཞིག་གི་ལག་པ་ལྕགས་རྙིས་ཟིན་ཏེ་ན་ཟུག་དྲག་པོའི་འོག་གནས་ཡོད་པ་དང༌། ཡིན་ཡང་སྟག་མོ་དེ་ནི་སྡུག་བསྔལ་ཚད་མེད་འོག་གནས་པས་རང་ཉིད་གསོད་མཁན་གྱི་རྔོན་པ་མ་སླེབས་གོང་གྲོང་གསེབ་པས་མཐོང་བས་གསོད་ཐུབ་མེད།

སྟག་མོ་དེའི་རྐང་ལག་གི་ཤ་རྒྱུས་ལྕགས་རྙིས་བཅད་དེ་རུས་པར་ཟུག་པའི་དཀའ་སྡུག་གི་ལོ་རྒྱུས་དང་སྐབས་དེར་སྟག་མོ་རང་ཉིད་འཆིང་ཐག་ལས་ཐར་ཐབས་ཀྱི་འབད་བརྩོན་ཇི་ཙམ་བྱས་པ་ཤེས་རྟོགས་ཐུབ་ཡོད་པ་རེད། སྟག་མོ་དེ་ཆུ་ཚོད་ ༧༢ རིང་སྡུག་བསྔལ་དྲག་པོའི་འོག་གནས་རྗེས་འཆིང་ཐག་དང་རྒྱ་རྙི་ལས་ཐར་ཐུབ་ཙམ་བྱུང་ཡོད་པ་དང༌། རྒྱ་རྙིས་ཟིན་པའི་རྐང་ལག་ཆད་དེ་རང་ཉིད་ནི་ཚེ་གང་ལྕགས་དྲའི་གསེབ་ཀྱི་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར་པ་རེད།

ཡིན་ཡང་གོང་ལྟར་སྟག་ཕལ་ཆེ་བར་འཆིང་ཐག་ལས་བྲོས་ཐུབ་ཀྱི་མེད་པར་བརྟེན་རྩ་ཆེའི་སྟག་ནི་གོ་ལ་འདིའི་སྒང་ལ་ཇེ་ཉུང་དུ་འགྲོ་ཡི་ཡོད་པ་རེད། དེ་ལས་ཐབས་སྡུག་པ་ཞིག་ལ། རྒྱ་གར་གྱི་ཤིང་ནགས་དེ་ཚོར་སྟག་མོ་མང་པོ་ཞིག་མངལ་སྦྲུམ་ཡོད་ནའང་གློག་རྙིས་ཟིན་ཏེ་མཐར་སྟག་ཕྲུག་དང་བཅས་པ་སྲོག་ཤོར་བཞིན་ཡོད་པ་རེད། ཉིན་ཞིག་ཤིང་ནགས་ཤིག་ཏུ་སྟག་མོ་མངལ་སྦྲུམ་ཡོད་པ་ཞིག་གནས་སྟངས་དེ་འདྲའི་འོག རང་ཉིད་དང་རང་གི་ཕྲུ་གུ་བཞི་པོ་གློག་སྐུད་ཀྱིས་བསད་ཡོད་པ་རེད།

གནས་ཚུལ་འདི་འདྲ་ལ་བརྟེན་ནས་རྔོན་པ་དེ་ཚོའི་ལག་ནས་རྩ་ཆེའི་སྟག་གཟིག་རྣམས་ཀྱིས་ཉིན་ལྟར་རང་ཉིད་ཀྱི་ཚེ་སྲོག་ཆེད་དཀའ་སྡུག་ཇི་འདྲ་ཞིག་ལ་གདོང་ལེན་བྱེད་ཀྱི་ཡོད་མེད་གསལ་པོ་བསྟན་ཡོད་པ་རེད། ཕྱི་ལོ་ ༡༩༩༤ ནས་ ༢༠༠༧ ཟླ་ ༣ བར་སྟག་གྲངས་ ༩༧༨ ཙམ་དང༌། གཟིག་གྲངས་ ༢༧༦༦ སྲམ་གྲངས་ ༧༧༧ ཙམ་ཁྲིམས་འགལ་ཐོག་ནས་རྔོན་རྒྱག་དང་ཉོ་ཚོང་བྱས་ཡོད་པས། དེ་དང་འབྲེལ་ཡོད་མི་གྲངས་ ༡༨༩༨ ཙམ་འཛིན་བཟུང་དང༌། བཀག་ཉར། བཙོན་འཇུག ཁྲིམས་ཆད་སོགས་ཕོག་ཡོད་པ་རེད།

ཐེངས་ 42193 བཀླགས་འདུག