འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་པ།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། དྷ་ས་ཁོར་ཡུག་ལས་ཁུངས། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་མཉམ་འབྲེལ་གོ་སྒྲིག་འོག ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་དྷ་ས་ཁུལ་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ལས་འགུལ་ཐོག་ལྷའི་ལས་བྱེད་དང་། སློབ་ཕྲུག དྭང་བླངས་བ་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དང་། གཞན་བོད་ཀྱི་བུད་མེད་ལྷན་ཚོགས་དང་དྷ་ས་ཁོར་ཡུག་ལས་ཁུངས་ཀྱི་ལས་བྱེད། དྷ་ས་ཁུལ་གྱི་མི་མང་སོགས་མི་གྲངས་ ༥༠ ཙམ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་མཉམ་ཞུགས་བྱས་ཡོད།
ཐོག་མར་ཚང་མ་དྷ་ས་མེ་གྷན་རླངས་འཁོར་འབབ་ཚུགས་སུ་འདུ་འཛོམས་དང་། ཆེད་འབོད་ཞུས་པའི་ས་གནས་རྒྱ་གར་གྱི་སློབ་ཕྲུག་༡༠༠ལྷག་ཙམ་དང་ལྷན་མི་རྣམས་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོར་དོ་སྣང་ཡོང་ཆེད་མེ་གྷན་ཁྲོམ་གཞུང་སྐོར་བ་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འབོད་ཚིག་བསྒྲགས་པས་མ་ཚད།
རླངས་འཁོར་འབབ་ཚུགས་སུ་ཕྱིར་འཁོར་རྗེས་ཁོར་ཡུག་སྲུང་སྐྱོབ་དང་སྡོད་གནས་གཙང་བཟོའི་གལ་གནད་སོགས་དྲིལ་བསྒྲགས་འཁྲབ་སྟོན་བཅས་རིམ་པར་བྱས།
དེ་བཞིན་སྐབས་དེར་ལྷས་བོད་ཧིན་དབྱིན་གསུམ་ནས་བཟོས་པའི་ཁོར་ཡུག་སྲུང་སྐྱོབ་དང་སྡོད་གནས་གཙང་བཟོ་དགོས་པའི་གོ་རྟོགས་ཤེས་བྱའི་ཡིག་ཆ་གང་མང་ཞིག་བོད་མི་དང་། ས་གནས་རྒྱ་གར་མི་མང་། གཞན་ཡང་ཕྱི་གླིང་བ་དང་རྒྱ་གར་གྱི་ས་གནས་གཞན་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་འགྲེམས་སྤེལ་བྱས།
དེ་རྗེས་གོང་གསལ་ཚོགས་པ་གསུམ་གྱིས་སྣེ་ཁྲིད་པའི་ཁོར་ཡུག་གཙང་བཟོ་བ་རྣམས་ས་ཆ་ཁག་གསུམ་ཙམ་ལ་ཆ་བགོས་ཀྱིས། དྷ་ས་མེ་གྷན་ཁུལ་གྱི་ཤོག་བུ་དང་འགྱིག་རིག་གིས་བཟོས་པའི་ཅ་དངོས་སོགས་གད་སྙིགས་དོ་པོ་ ༣༠ ཙམ་བརྩིས་པའི་ཁྱོན་གད་སྙིགས་ཊོན་ ༢ ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་རེད།
ཐེངས་ 42327 བཀླགས་འདུག