བོད་ནང་པགས་རིགས་རྒྱན་གོས་མེར་སྲེག་གི་ལས་འགུལ་སྐོར
བོད་ནང་གཅན་གཟན་པགས་རིགས་གོས་རྒྱན་དར་ཁྱབ་ཤུགས་ཆེན་ཕྱིན་པ་སོགས་ལ་བརྟེན། ྋགོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་པགས་རིགས་གོས་རྒྱན་དེ་དག་མཚམས་འཇོག་དགོས་པའི་བཀའ་སློབ་ཤུགས་དྲག་གནང་བ་དང༌།
ལྷག་པར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ྋགོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས ༣༡ པ་གནང་སྐབས་བོད་ཕྱི་ནང་གཉིས་ནས་ཆོས་ཞུ་བ་འབུམ་གཅིག་ཙམ་ལ་ཡང་བསྐྱར་པགས་རིགས་གོས་རྒྱན་བེད་སྤྱོད་བྱས་པ་དེ་ནང་ལ་ཡོན་ཏན་གང་ཡང་མེད་པས་ཕྱི་ལོགས་སུ་སྟག་ལྤགས་དང་གཟིག་ལྤགས་གྱོན་ནས་ཐབས་སྐྱོ་བོ་དང་ངོ་ཚ་དགོས་པ་ཡིན་པ་སོགས་ཀྱི་བཀའ་ཕེབས་པ་དང༌། དེ་བཞིན་དུས་དབང་གནང་རིང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང༌། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་པགས་རིགས་གོས་རྒྱན་དང་ཁྲིམས་འགལ་གྱི་ཉོ་ཚོང་དེ་དག་མཚམས་འཇོག་ཡོང་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་གོ་སྒྲིག་ཞུས་པ་བརྒྱུད་བོད་ནང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། དུས་དབང་གནང་ཟིན་ནས་ཉིན་གྲངས་བཅུ་ཙམ་གྱི་རྗེས་ནས་བོད་ནང་གཅན་གཟན་པགས་རིགས་མེར་སྲེག་བཏང་བའི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་དང༌། རྩོམ་པ་པོ་འོད་ཟེར་ལགས་ཀྱི་རྒྱན་པགས་མེར་སྲེག་སྐོར་གྱི་རྩོམ་ཡིག་ལ་གཞིགས་ན་བོད་ནང་གཅན་གཟན་པགས་རིགས་མེ་སྲེག་ཐོག་མ་དེ་ཕྱི་ལོ་ ༢༠༠༦ ཟླ་ ༡ ཚེས་ ༣༠ ཉིན་ཁམས་དཀར་མཛེས་རྫོང་དང༌། རྟའུ་རྫོང་སོགས་ནས་རྒྱན་པགས་མེར་སྲེག་གི་ལས་འགུལ་བརྩམས་ཤིང༌། ས་གནས་དེ་གཉིས་ཀྱི་རྒྱན་པགས་བརྒྱ་ཆ་དྲུག་ཅུ་ཙམ་མེར་སྲེག་བཏང་ཡོད་པ་འཁོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༧ ཉིན་ཨ་མདོ་རེབ་གོང་གི་ས་ཆར་སྟག་གཟིག་གི་པགས་པ་མང་པོ་རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་སྐབས་མེར་སྲེག་གཏོང་རྒྱུ་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་དེ་ལྟར་མཉམ་འཛོམས་བྱེད་པར་བཀག་འགོག་བྱས་པས། ཟླ་ ༢ ཚེས་ ༨ ཉིན་འབྱོར་བ་དེ་ཚོ་མེར་སྲེག་བཏང་ཡོད་པ་དང༌། དེར་སྟག་གཟིག་གི་པགས་པ་མི་གོན་རྒྱུར་དམ་བཅའ་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་རེད། ད་དུང་འོད་ཟེར་གྱི་ཆེད་རྩོམ་ནང་འཁོད་པ་ལྟར་ན་ལྷ་ས་ཁྲོམ་གཟིགས་སྒང་དུ་གཅན་གཟན་པགས་རིགས་ཉོ་ཚོང་བྱེད་མཁན་ཁམས་པ་ཚོང་པ་ཞིག་གིས་རང་གི་ཚོང་ཁང་དུ་རྒྱ་སྒོར་ཁྲི་ལྔ་བཅུའི་རིན་ཐང་ཡོད་པའི་རྒྱན་པགས་མེ་ལ་བསྲེགས་ཤིང༌། ཚོང་པ་དེས་སྔོན་ཆད་རྒྱུ་ནོར་གཙོ་བོ་ཡིན་པ་བརྩི་ཡི་ཡོད་ཀྱང༌། ད་ལྟ་ཚེ་སྲོག་ནི་རྒྱུ་ནོར་ལས་གཙོ་ཆེ་བ་ཡིན་པ་ངོས་ཟིན་སོང༌། སྔོན་ཆད་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་བྱས་པར་རང་ཉིད་འགྱོད་པ་སྐྱེས་ཏེ་ད་ནས་བཟུང་ལས་འདིའི་རིགས་མི་བྱེད་ཅེས་དམ་བཅའ་བཞག་ཡོད་པ་སོགས་འཁོད་འདུག
ཕྱི་ལོ་༢༠༠༦ ཟླ་ ༢ ཚེས་ ༡ ནས་ ༡༡ བར་ཨ་མདོ་རྔ་བ་ཁུལ་གྱི་མི་མང་པོ་ཞིག་ཀིརྟི་དགོན་ཆེན་གྱི་འགྲམ་དུ་མཉམ་འཛོམས་བྱས་ནས་གཟིག་དང༌། སྲམ། གཡི། ཝ་སོགས་ཀྱི་པགས་པ་འབོར་ཆེན་མེར་སྲེག་བཏང་ཡོད་པ་དང༌། ལས་འགུལ་དེའི་འབྲེལ་ཡོད་མི་སྣ་ ༨ ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།
ཤར་དུང་རི་དུས་དེབ་སྤྱིའི་དེབ་གྲངས་བཅུ་དགུ་པའི་རྒྱན་པགས་སྲེག་སྦྱོར་ལོ་རྒྱུས་ཀྱི་བརྗེད་མི་སྲིད་པའི་ལས་འགུལ་ཐེངས་ཤིག་ཞེས་པའི་ཞོགས་དུང་གི་རྩོམ་དེའི་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༢ ནས་བཟུང་མཛོད་དགེ་རྫོང་དང༌། རྔ་བ་རྫོང་སོགས་ནས་པགས་རིགས་མེར་སྲེག་གི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པས། རྔ་བ་རྫོང་གཅིག་པུ་ནས་པགས་རིགས་མེར་སྲེག་བཏང་བའི་རིན་ཐང་རྒྱ་སྒོར་ཁྲི་བརྒྱ་ལྷག་སླེབས་པ་སོགས་གསལ་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༡ ཉིན་ཨ་མདོ་གཅན་ཚ་ས་ཁུལ་དུ་ཡང་པགས་རིགས་མེར་སྲེག་བཏང་ཡོད་པ་སོགས་ཞོགས་དུང་གི་ཆེད་རྩོམ་དེའི་ནང་འཁོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༢ པའི་ནང་ཁམས་ལི་ཐང་མཐིལ་གྲོང་ཤོག་བརྒྱད་ཀྱི་ཡ་གྱལ་ཚེར་མ་གྲོང་པའི་མི་མང་གིས་འགོ་ཁྲིད་ནས་སྟག་གཟིག་སྲམ་གསུམ་དང༌། ཝ་ལྤགས་སོགས་པགས་རིགས་མེར་སྲེག་གི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་མ་ཟད། ལི་ཐང་གི་ས་གནས་གཞན་དུའང་སྟག་གཟིག་སྲམ་སོགས་ཀྱི་པགས་པ་འབོར་ཆེན་མེར་སྲེག་བཏང་ཡོད་འདུག
དེ་བཞིན་ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༨ ཉིན་གསེར་རྟ་རྫོང་གི་ཉེ་འགྲམ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སྟག་གཟིག་སྲམ་སོགས་ཀྱི་པགས་པས་དོན་མེད་རྒྱས་སྤྲོས་བྱེད་མཁན་སུ་ཡང་དགོན་པའི་ནང་དུ་ཡོང་མི་ཆོག་པའི་ཆོས་ཁྲིམས་བཞག་པ་དང་སྦྲགས། པགས་རིགས་འབོར་ཆེན་མེར་སྲེག་བཏང་ཡོད་པ་དང༌། བོད་ཟླ་བཞི་པ་ས་ག་ཟླ་བའི་ནང་སླར་ཡང་པགས་རིགས་ཕོན་ཆེ་ཞིག་མེར་སྲེག་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད།
བྲག་མགོ་རྫོང་དུ་ཡང་སྟོངས་ལ་ཉེ་བའི་སེམས་ཅན་པགས་རིགས་འབོར་ཆེན་མེར་སྲེག་གི་ལས་འགུལ་སྤེལ་བར་བརྟེན། ས་གནས་གང་སར་རྒྱ་མིའི་ཉེན་རྟོག་པས་ལས་འགུལ་དེ་འདྲ་སྤེལ་དགོས་པའི་དོན་རྐྱེན་གང་ཡིན་སྐོར་འདྲི་རྩད་དང་བཀག་འགོག་བྱས་ཡོད་པ་མ་ཟད་ལས་འགུལ་དང་འབྲེལ་ཡོད་ཀྱི་མི་སྣ་གཙོ་བོ་རྣམས་ལ་ཉེན་བརྡ་ཡང་བཏང་ཡོད་པ་རེད།
མགོ་ལོག་པདྨ་རྫོང་ལྕགས་རི་ཤང༌། ཇོ་ནང་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གིས་གོ་སྒྲིག་འོག་ཕུར་པ་ཁྲོ་བཅུ་མའི་གར་འཆམ་དང་སྟབས་བསྟུན་ནས། ཕྱི་ལོ་༢༠༠༦ ཟླ་ ༢ ཚེས་ ༢༩ ཉིན་དགོན་པར་པགས་རིགས་ཀྱི་འཁྲབ་ཆས་ཡོད་པ་རྣམས་དང་མང་ཚོགས་ཀྱི་སྟག་གཟིག་སྲམ་གསུམ་གྱི་པགས་པ་དང༌། བ་སོའི་ཕྲེང་བ་སོགས་མེ་སྲེག་བཏང་ཡོད་པ་དང༌། རྗེས་མ་པགས་པའི་རྒྱན་གོས་བེད་སྤྱོད་མི་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།
ཕྱི་ལོ་ ༢༠༠༦ ཟླ་ ༣ པའི་ནང་ཨ་མདོ་བླ་བྲང་དང༌། གཙོས། མཛོད་དགེ འབོ་ར་སོགས་སུ་གཅན་གཟན་པགས་རིགས་ཕོན་ཆེན་མེ་སྲེག་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ཉིན་ཁམས་སྒ་སྐྱེ་རྒུ་མདོ་རུ་ཉེན་རྟོག་མི་སྣས་བཀག་འགོག་བྱས་མིན་ལ་མ་ལྟོས་པར་ས་གནས་བོད་མི་རྣམས་མ་སྐུལ་དང་བླངས་ཀྱིས་གཅན་གཟན་པགས་རིགས་འབོར་ཆེན་མེར་བསྲེགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། ལས་གཞི་དེའི་འགན་འཁུར་མི་སྣ་གྲྭ་པ་གཉིས་དང་མི་སྐྱ་གཅིག་བཅས་མི་གསུམ་བཀག་ཉར་བྱས་ཡོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༧ ཉིན་མདོ་སྨད་ཟུང་ཆུ་རྫོང་དམུ་དགེ་དགོན་པའི་ཉེ་འགྲམ་དུ་ས་གནས་མང་ཚོགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་སྲམ་དང་གཟིག་སོགས་ཀྱི་པགས་རིགས་གོས་རྒྱན་མེ་སྲེག་གི་ལས་འགུལ་ཉིན་གཉིས་རིང་མུ་མཐུད་དུ་སྤེལ་སྐབས་ཟུང་ཆུ་རྫོང་གི་ཉེན་རྟོག་མི་སྣ་ཡོང་ནས་པགས་པའི་གོས་རྒྱན་མེ་སྲེག་གཏོང་རྒྱུར་བཀག་འགོག་བྱས་ཏེ་གྲྭ་པ་བཞི་འཛིན་བཟུང་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེ་ ༡༡ ཉིན་ཨ་མདོ་མཚོ་སྔོན་མཚོ་ལྷོ་ཁུལ་མང་ར་རྫོང་མང་ར་ཤང་མཐུད་རོལ་སྡེ་པས་གཟིག་དང༌། སྲམ་སོགས་ཀྱི་པགས་རིགས་མེ་སྲེག་གང་མང་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༠༦ ཟླ་ ༤ ཙམ་ལ་ཁམས་འབྲི་རུ་རྫོང་ཁུལ་གྱི་གྲོང་སྡེ་བདུན་ཙམ་གྱིས་གོ་སྒྲིག་འོག་གཅན་གཟན་པགས་རིགས་མེར་སྲེག་གང་མང་བཏང་ཡོད་པ་དང༌། དེ་རྗེས་གྲོང་སྡེ་གཞན་འགའ་ཤས་ཀྱིས་གཏོང་འཆར་བྱས་ཡོད་ནའང་ས་གནས་རྒྱ་ནག་གཞུང་གི་ལས་བྱེད་ཀྱིས་བཀག་འགོག་བྱས་ཡོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༡༢ ནང་ཁམས་འབའ་བ་གྲོང་སྡེ་ ༢༠ ལྷག་ཙམ་གྱི་འབུམ་རི་དགོན་དང་མཉམ་འབྲེལ་བྱས་ཏེ་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་མེར་སྲེག་ཤུགས་ཆེན་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༠༧ ཟླ་ ༢ པའི་ནང་བོད་ཀྱི་ལོ་གསར་སྐབས་དང་བསྟུན་འབའ་བ་གྲོང་སྡེ་འགའ་ཤས་ཀྱིས་འབའ་ཆོས་སྡེ་དགོན་གྱི་མདུན་དུ་གཅན་གཟན་པགས་རིགས་མེར་སྲེག་ཤུགས་ཆེན་གཏོང་འཆར་བྱས་ཡོད་ནའང༌། སྟབས་མ་ལེགས་པ་ཞིག་ལ་ས་གནས་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་འདུག
དེ་བཞིན་འབའ་གནས་སྒོ་གྲྭ་ཚང་གི་གོ་སྒྲིག་འོག་ས་གནས་དེར་མི་མང་གིས་པགས་རིགས་མེར་སྲེག་རྒྱ་ཆེར་བཏང་ཡོད་པ་དང༌། འབའ་གླེང་ཤོད་པ། འབའ་ངོ་སྟོང་འབྲུག་གསུམ། རུ་བྱོན་རྫོང་པ། དེ་བཞིན་འབའ་སྨད་གྱི་གྲོང་སྡེ་སོགས་ནས་རྒྱན་པགས་མེར་སྲེག་ཆེས་ཤུགས་ཆེན་བཏང་ཡོད་པས། ཚོད་དཔག་བྱས་པ་ལྟར་ན་རྒྱ་སྒོར་ས་ཡ་གསུམ་ལྷག་གི་པགས་རིགས་མེར་སྲེག་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༠༧ ཟླ་ ༣ པའི་ནང་ཁམས་སོག་རྫོང་གི་པགས་རིགས་མེ་སྲེག་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད་པས། རྒྱ་གཞུང་གིས་མེར་སྲེག་གཏོང་རྒྱུ་བཀག་འགོག་བྱས་ཡོད་པ་རེད།
དེ་བཞིན་བཞུགས་སྒར་དྷ་རམ་ས་ལ་དང་བལ་ཡུལ་གྱི་རྒྱལ་ས་གཉིས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་འོག་པགས་རིགས་མེར་སྲེག་བཏང་ཡོད་པ་རེད། གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གི་པགས་རིགས་མེར་སྲེག་སྐོར་དྲིལ་བསྒྲགས་ཡིག་ཆ་“ལོ་རྒྱུས་རང་བཞིན་ཅན་གྱི་བོད་མི་ཚོས་རྩ་ཆེའི་སྲོག་ཆགས་ཀྱི་པགས་རིགས་མེར་སྲེག་བཏང་བ་”ཞེས་པའི་ནང་བོད་ནང་པགས་རིགས་མེར་སྲེག་བཏང་བའི་ས་ཆ་འགའ་ཤས་འདུག་པ་འདི་ལྟར། ས་དཀྱིལ་སྡེ་བ་དང༌། རྔ་བ་བར་མ་ཀི་རྟི་དགོན། རྔ་རྫོང་ཁྲིན་བཀན་གོང་འོག བསྭེ་དགོན་པ། ས་སྒང་དགོན་པ། སྣང་ཞིག་དགོན་པ། བསུ་བ། ཁ་ཤོས། རྔ་བ་སྨད་ཁུལ། རྔ་སྲིབ། མཛོད་དགེ་ཐང་སྐོར། ཀ་རིང་སྦིས་མདོ། རྔ་སྟོད་ཨ་འདུས་དཔོན་ཁག་བརྒྱད། ཨ་མདོ་རྔ་བ་རྫོང༌། མགོ་ལོག་ཆིག་སྒྲིལ་རྫོང༌། ཕུ་གུ་དགོན། སེ་ར་དགོན། མགོ་ལོག་ལུང་དཀར་དགོན། རྡོ་རྫོང་དགོན། དཔལ་ཡུལ་དར་ཐང་དགོན། ཅོ་ནེ། རྨ་ཆུ་རྫོང་དངུལ་ར་ལྷ་སྡེ། རྔ་སྟོད་ཚོ་དྲུག མཚོ་སྔོན་ར་རྒྱ་དགོན། སྒོ་མང་དགོན་བཅས་སོགས་འཁོད་འདུག ཡིན་ནའང་ཡིག་ཆ་དེའི་ནང་ས་གནས་ཀྱི་མིང་ཙམ་ལས་ཟླ་དུས་ཚེ་གྲངས་དང༌། རིན་འབབ། གྲངས་ཀ་མང་ཉུང་ག་ཚོད་མེར་སྲེག་བཏང་ཡོད་མེད་ཞིབ་ཕྲ་ཁ་གསལ་གང་ཡང་མི་འདུག
ད་དུང་ཤེས་རྟོགས་མ་བྱུང་བའི་མདོ་དབུས་ཁམས་གསུམ་དུ་པགས་རིགས་མེར་སྲེག་ཇི་སྙེད་ཅིག་བཏང་ཡོད་ཀྱང༌། ཁུངས་ལྡན་གྱི་གནས་ཚུལ་ཤེས་པ་གོང་གསལ་ལྟར་ལགས་ཤིང༌། བོད་བཞུགས་གྲགས་ཅན་རྩོམ་པ་པོ་ཞོགས་དུང་དང༌། ཚེ་རིང་འོད་ཟེར། སྡེ་རོང་ཚེ་རིང་དོན་གྲུབ། དེ་བཞིན་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་སོགས་ཀྱིས་པགས་རིགས་མེར་སྲེག་གི་ལས་འགུལ་སྤེལ་བར་དཔྱད་རྩོམ་དང་བསྔགས་བརྗོད་ཀྱི་རྩོམ་ཡིག་གང་མང་རྒྱུད་ལམ་ཁག་ནང་སྤེལ་ཡོད་པ་དང༌། དཔེར་ན་བོད་བཞུགས་རྩོམ་པ་པོ་ཞོགས་དུང་གིས་“རྒྱན་ལྤགས་སྲེག་སྦྱོར་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ལས་འགུལ་ཐེངས་ཤིག”ཟེར་བའི་ཆེད་རྩོམ་ཞིག་ཤར་དུང་རི་དུས་དེབ་སྤྱིའི་དེབ་གྲངས་དགུ་པའི་ཐོག་བཀོད་ཡོད་པ་རེད། དེ་བཞིན་ཚེ་རིང་འོད་ཟེར་དང༌། སྡེ་རོང་ཚེ་རིང་དོན་གྲུབ། ཝང་ལི་ཞུང་སོགས་ཀྱི་དྲ་རྒྱའི་སྒང་ལ་ཆེད་རྩོམ་གང་མང་སྤེལ་ཡོད་པས་རྩོམ་ཡིག་དེ་དག་ནས་གཅེས་བཏུས་བྱས་པ་ཁག་གཅིག་དེབ་འདིའི་ཟུར་རྒྱན་ནང་བཀོད་ཡོད་པའི་དེར་གཟིགས་རོགས་ཞུ་རྒྱུ་དང༌།
ཐེངས་ 42544 བཀླགས་འདུག