ད་ཡོད་བོད་མཐོ་སྒང་ལ་བརྟེན་པའི་གནམ་གཤིས་ཀྱི་མཇུག་འབྲས།
གནམ་གཤིས་མ་ལག་ཕན་ཚུན་དབར་གྱི་འབྲེལ་བ་དེ་ནི་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་དང་། བློ་ཕམ་སྐྱེ་གནས་ཤིག་ཀྱང་ཆགས་ཡོད། ཉེ་དུས་ཀྱི་ཞིབ་འཇུག་པ་ཁག་གིས་འཛམ་གླིང་གི་ཆ་ཤས་གཅིག་ནས་དྲོད་ཁང་རླངས་རྫས་གློད་གཏོང་བྱས་པ་དེས་ཆ་ཤས་གཞན་གྱི་གཏན་ཆགས་འཁྱགས་རིམ་བཞུར་བ་དང་། འཁྱགས་རོམ་སྟོང་ཟད་དུ་འགྲོ་བའི་རྐྱེན་ཇི་ལྟར་བྱེད་ཚུལ་གསལ་སྟོན་བྱས་འདུག གོང་གི་ལེ་ཚན་ནང་བཤད་ཟིན་པ་ལྟར། བོད་མཐོ་སྒང་གི་འཁྱགས་རོམ་དང་ཁ་བས་གཏུམས་པའི་རི་བོ། གཏན་ཆགས་འཁྱགས་རིམ། དེ་བཞིན་ས་མཐོའི་གཤེར་ས་བཅས་ཀྱིས་ཀར་བོན་ཁྱོན་ཆེ་ཉར་སྲུང་བྱས་ཡོད་ཀྱང་། དེང་སང་མཐོ་སྒང་སྟེང་གི་དྲོད་ཚད་འཕར་བཞིན་པའི་གནས་སྟངས་ཀྱིས་ཀར་བོན་ཀྱི་ཕུང་པོ་འདི་འཐོར་གཞིག་ཏུ་འགྲོ་འགོ་ཚུགས་བཞིན་ཡོད། འདིའི་མཇུག་འབྲས་ནི་དྲོད་ཁང་རླངས་རྫས་སྔར་ལས་མང་བ་གློད་གཏོང་བྱ་རྒྱུ་དེ་ཡིན།
རང་བྱུང་གི་ཡུལ་ལྗོངས་ནང་ཀར་བོན་༼དྲོད་ཁང་རླངས་རྫས་ཀྱི་གྲུབ་ཆ་གཙོ་བོ།༽གྱི་གཏེར་མཛོད་ཆེན་པོ་ཞིག་ཉར་སྲུང་ངམ་ཐིམ་སིམ་བྱས་ཡོད་པའི་ཆ་ནས་བོད་མཐོ་སྒང་དེ་གོ་ལའི་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ཡུལ་གྲུ་དམིགས་བསལ་བ་ཞིག་ཆགས་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42296 བཀླགས་འདུག