ཆབ་མདོར་ས་ཡོམས་ཀྱིས་མི་༨༧ལ་རྨས་སྐྱོན་ཕོག་པ།
ཕྱི་ལོ་༢༠༡༣ཟླ་༨ཚེས་༡༢ཉིན་གྱི་ཞོགས་པ་ཆུ་ཚོད་༥དང་སྐར་མ་༢༣སྟེང་། མདོ་ཁམས་ཆབ་མདོ་ཁུལ་དུ་ཚད་རིམ་༦་༡ཅན་གྱི་ས་ཡོམས་ཤིག་བརྒྱབ་ནས། ཁྱོན་རྫོང་ཁག་༡༡ཙམ་ལ་གཡོལ་འགུལ་ཐེབས་པའི་ནང་། ཚ་བ་མཛོ་སྒང་དང་སྨར་ཁམས། དཔའ་ཤོད། བྲག་གཡབ། གོ་འཇོག་བཅས་རྫོང་ཁག་ལྔ་ལ་གནོད་འཚེ་ཚབ་ཆེ་ཤོས་ཕོག་ཡོད་འདུག

རྒྱ་ནག་གིས་ས་ཡོམ་རྟོག་དཔྱོད་དྲ་བས་ཚད་ལེན་བྱས་པ་ལྟར་ན། པེ་ཅིན་གྱི་དུས་ཚོད་སྤྱི་ཟླ་༨པའི་ཚེས་༡༢ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་༢༣སྟེང་། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་མཛོ་སྒང་རྫོང་དང་སྨར་ཁམས་རྫོང་གཉིས་ཀྱི་འབྲེལ་མཚམས་ཏེ་བྱང་གི་འཕྲེད་ཐིག་༣༠དང་ཤར་གྱི་གཞུང་ཐིག་༩༨ཀྱི་མཚམས་སུ་ཚད་རིམ་༦་༡ཅན་གྱི་ས་ཡོམ་དེ། གཏིང་ཚད་ལ་སྤྱི་ལེ་༡༠ཡིན་པ་དང་། ས་ཡོམ་བྱུང་སའི་དཀྱིལ་སྙིང་ནི་རྫོང་དེ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་རི་འགོ་ཤང་ཡིན་པ་རེད།
རི་འགོ་ཤང་ནི་ཐེངས་འདིའི་ས་ཡོམས་ཀྱིས་གཏོར་སྐྱོན་ཤུགས་ཆེ་ཤོས་ཕོག་ཡུལ་དེ་ཡིན་འདུག་ལ། རི་འགོ་ཤང་ལ་སྡེ་བ་༡༢ཡོད་པ་དང་། མི་གྲངས་ ༣༤༧༦། ཤང་དེ་ནས་མཛོ་སྒང་རྫོང་བར་དུ་བར་ཐག་སྤྱི་ལེ་ ༥༡ དང་། སྨར་ཁམས་རྫོང་བར་དུ་བར་ཐག་སྤྱི་ལེ་ ༧༥ ཡོད་འདུག

ཐེངས་འདིའི་ ༦་༡ ཅན་གྱི་ས་ཡོམ་མ་བྱུང་གོང་ལ་ཚ་བ་མཛོ་སྒང་ས་ཁུལ་དུ་ས་ཡོམ་བསྟུད་མར་ཐེངས་ ༣ བྱུང་བ་སྟེ། ཟླ་༨ཚེས་༡༡ཉིན་གྱི་ཆུ་ཚད་༢༡དང་སྐར་མ་༡༡དང་སྐར་ཆ་༣༢ཀྱི་ཐོག་ས་ཡོམ་རིམ་པ་༣་༡བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་སྨི་ ༦༠༠༠ ཡོད་པ་དང་། ཟླ་༨ཚེས་༡༡ཉིན་གྱི་ཆུ་ཚོད་༢༢ དང་སྐར་མ་༢༡དང་སྐར་ཆ་༢༣གྱི་ཐོག་ས་ཡོམ་རིམ་པ་༣་༤བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་སྨི་ ༧༠༠༠ ཡོད་པ། ཟླ་༨ཚེས་༡༢ཉིན་གྱི་ཆུ་ཚོད་༥དང་སྐར་མ་༢༣དང་སྐར་ཆ་༢ཀྱི་ཐོག་ས་ཡོམ་རིམ་པ་༤་༣བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་སྨི་ ༦༠༠༠ ཡོད་པ་རེད། ཟླ་ ༨པའི་ཚེས་༡༡ཉིན་གྱི་དགོང་མོ་ནས། ཚེས་༡༢ཉིན་གྱི་ཞོགས་པའི་བར་དུ་ས་ཁུལ་དེར་ས་ཡོམ་ཐེངས་༧བྱུང་ཡོད་པ་རེད་ཅེས་བཀོད་འདུག
ཐེངས་འདིར་རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཚོས་ས་ཡོམས་གནོད་ཐེབས་ས་ཁུལ་གྱི་ཤང་རེ་རེ་བཞིན་དང་སློབ་གྲྭ་རེ་རེ་བཞིན། གྲོང་ཚོ་རེ་རེ་བཞིན། དུད་ཚང་རེ་རེ་བཞིན་དུ་བརྟག་དཔྱད་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་ལྟོ་བཟའ་རྒྱུ་ཡོད་པ་དང་། ཆུ་འཐུང་རྒྱུ་ཡོད་པ། གྱོན་ཆས་གྱོན་རྒྱུ་ཡོད་པ། ན་ཚ་དང་རྨས་སྐྱོན་བྱུང་མཁན་ལ་སྨན་བཅོས་བྱེད་རྒྱུ་ཡོད་པ། སྡོད་ས་ཡོད་པ་བཅས་འགན་སྲུང་ཐུབ་པ་བྱེད་དགོས་ཞེས་བསྒྲགས་འདུག་པ་དང་། བོད་རང་སྐྱོང་ལྗོང་ཟེར་བ་དང་ཆབ་མདོ་ས་ཁུལ་བཅས་ནས་གནོད་ཐེབས་མི་མང་ལ་རོགས་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་བཅས་བཀོད་འདུག
ཐེངས་ 42503 བཀླགས་འདུག