གཙོད་ཀྱི་ཁུ་ལུ་རྒྱལ་སྤྱིའི་ནང་ཁྲིམས་འགལ་ནག་ཚོང་གི་དོན་རྐྱེན་སྐོར།
གོང་གསལ་གྱི་རིན་ཐང་དེ་དག་ལ་བརྟེན་ནས་བོད་ཀྱི་གཙོད་རྔོན་རྒྱག་དང་ལུས་ཀྱི་ཆ་ཤས་རྒྱལ་སྤྱིའི་ནང་ཁྲིམས་འགལ་གྱིས་ཉོ་ཚོང་དང་འབྲེལ་དོན་རྐྱེན་ལྷགས་པའི་སྐོར་སྨོས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༩༩ བར་བོད་རང་སྐྱོང་ལྗོངས་ཟེར་བའི་འགག་སྒོ་དང་ཉེན་རྟོག་པས་གཙོད་ལྤགས་གྲངས་ ༦༠༠༠ ལྷག་ཙམ་དང༌། ཁུ་ལུ་སྤྱི་རྒྱ་ ༡༠༠༠ ལྷག་ཙམ་གཞུང་བཞེས་བཏང་ཡོད་པས་དེ་གཙོད་གྲངས་ ༨༠༠༠ ཙམ་བསད་ཡོད་པ་དང༌། མཚོ་སྔོན་ཁུལ་འབྲེལ་ཡོད་སྡེ་ཚན་ནས་ ༡༩༩༢ ནས་ ༡༩༩༩ བར་གཙོད་ལྤགས་གྲངས་ ༡༥༢༤༣ ཙམ་གཞུང་བཞེས་བཏང་བས་གཙོད་ཁྲི་གསུམ་ཙམ་རྔོན་རྒྱག་བྱས་ཡོད་འདུག
ཕྱི་ལོ་ ༡༩༩༢ ནས་ ༡༩༩༩ བར་ཤིན་ཅང་ས་ཁུལ་དུ་ཁྲི་གཅིག་ལྷག་ཙམ་བསད་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༢ ཟླ་ ༡༡ ནང་གཙོད་ ༧༤༥ བསད་ནས་གོར་མོར་སླེབས་སྐབས་ཉེན་རྟོག་པས་རྔོན་པ་མི་གྲངས་ ༡༡ འཛིན་བཟུང་བྱས་ཡོད་པ་དང༌། ཕྱི་ལོ་ ༢༠༠༢ ཟླ་ ༥ པའི་ནང་སྒེར་རྩེ་རྫོང་ཁུལ་དུ་གཙོད་ ༣༠༠ བསད་པས་དོན་རྐྱེན་བྱུང་སྟེ་རྔོན་པ་མི་གྲངས་ ༦ དང་ཉེན་རྟོག་པ་བར་འཁྲུག་འཛིང་ཤོར་ཏེ་ཉེན་རྟོག་པ་ཞིག་སྲོག་ཤོར་ཡོད།
ཕྱི་ལོ་ ༡༩༩༣ ནས་ ༡༩༩༩ བར་རྒྱ་གར་ཉེ་རྟོག་པས་ཁུ་ལུ་སྤྱི་རྒྱ་ ༨༠༠ ལྷག་ཙམ་དང༌། སྐེ་དཀྲིས་དང་གཟན་གོས་ ༥༡༠ ལྷག་གཞུང་བཞེས་བཏང་བས་གཙོད་ ༦༤༦༠ ཙམ་གྱི་ཁུ་ལུ་ཡོད་པ་ཚོད་དཔག་བྱས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༩ བར་བལ་ཡུལ་ཉེན་རྟོག་པས་གཙོད་ཀྱི་ཁུ་ལུ་སྤྱི་རྒྱ་ ༦༠༠ ལྷག་ཙམ་ནག་ཚོང་པའི་ལག་ནས་གཞུང་བཞེས་བཏང་སྟེ་གཙོད་ལྔ་སྟོང་མ་ཟིན་ཙམ་བསད་ཡོད་པ་ཚོད་དཔག་བྱས།
ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་གོས་ ༡༣༨ ཙམ་ནག་ཚོང་དོན་རྐྱེན་ཞིག་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༡༨ ཉིན་བསོད་ནམས་དར་རྒྱས་དང་ལས་རོགས་བཞིས་ཁེ་ཁེ་ཤི་ལེའི་ས་ཁུལ་དུ་རྔོན་པ་མི་གྲངས་ཉི་ཤུ་དང་རླངས་འཁོར་ ༧ ནང་གཙོད་ལྤགས་ ༡༦༠༠ ཙམ་གཞུང་བཞེས་དང་འཛིན་བཟུང་བྱས་པས་ལམ་བར་ནས་ཕྱིར་ལོག་སྐབས་རྔོན་པས་མེ་མདའ་བརྒྱབ་སྟེ་བསོད་ནམས་དར་རྒྱས་ལགས་ཚེ་སྲོག་ཤོར་བ་བོད་ཀྱི་ལོ་རྒྱུས་ཐོག་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་དཔའ་བོ་ཐོག་མ་དེ་ཆགས་ཡོད། བསོད་ནམས་དར་རྒྱས་ནི་འབྲི་སྟོད་རྫོང་གི་གོ་གནས་མཐོ་པོ་ཡོད་པའི་ལས་བྱེད་ཅིག་ཡིན་པ་དང༌། གཙོད་སྲུང་སྐྱོབ་ཆེད་གཞུང་གིས་ཚོགས་ཆུང་ཞིག་བཙུགས་ཡོད་པས། ཚོགས་ཆུང་དེའི་མགོ་ཁྲིད་ལ་བསོད་ནམས་དར་རྒྱས་ལགས་བསྐོ་བཞག་དང་འབྲེལ་གཙོད་སྲུང་སྐྱོབ་ཆེད་རང་སྲོག་བློས་བཏང་བྱས་ཡོད་པ་རེད།
ཕྱི་ལོ་ ༡༩༩༥ ལོར་ཡུལ་ཤུལ་ཁུལ་གྱི་ཁྲིམས་ཁང་གི་དཔོན་རིགས་གྲགས་པ་རྡོ་རྗེས་ལས་གནས་ནས་དགོངས་ཞུ་དང་འབྲོང་ངམ་གཡག་རྒོད་ཚོགས་པ་ཞེས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཞིག་བཙུགས་ཏེ་ཚོགས་མི་ ༦༠ ལྷག་ཡོད་པས༌། ཚང་མ་ཕོ་གསར་དར་མ་ཤ་སྟག་ཡིན་འདུག་པ་དང༌། སྔ་ཕྱིར་ནག་ཚོང་དང་རྔོན་རྒྱག་གི་དོན་རྐྱེན་ ༤༠ ལྷག་རྩད་ཆོད་བྱུང་ནས་གཙོད་ལྤགས་ཁྲི་མ་ཟིན་ཙམ་གཞུང་བཞེས་བཏང་ཡོད།
ཕྱི་ལོ་ ༢༠༠༢ ཟླ་ ༥ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཉི་མ་རྫོང་ཤིང་ནགས་ལས་ཁུངས་ཀྱི་ཉེན་རྟོག་པ་ནོར་བུ་གཡུལ་རྒྱལ་དང་རོགས་པ་གསུམ་རྔོན་པ་དང་ཐུག་སྟེ་ཕན་ཚུན་དབར་འཐབ་འཛིང་གིས་མེ་མདའ་བརྒྱབ་སྟེ་ནོར་བུ་གཡུལ་རྒྱལ་སྲོག་ཤོར་ཡོད་འདུག ཡང་བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར་ནང་གསལ་ལྟར་ན་ཕྱི་ལོ་ ༡༩༩༢ ལོ་ནས་མཚོ་སྔོན་ཞིང་ཆེན་ས་ཁུལ་དུ་གཙོད་རྔོན་རྒྱག་བྱས་པའི་དོན་རྐྱེན་ཐེངས་ ༡༡༤ ཙམ་རྩད་ཆོད་བྱུང་ཡོད་ཅིང༌། གཙོད་ཁྲི་གསུམ་ལྷག་བསད་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད།
དེ་བཞིན་ཕྱི་ལོ་ ༢༠༠༥ ལོར་ལྡི་ལི་རུ་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་དང་སྐེ་དཀྲིས་ ༣༡ དང་གཙོད་ཀྱི་ཁུ་ལུ་དོ་པོ་གྲངས་ ༡༦༨ གཞུང་བཞེས་བཏང་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ཟླ་ ༦ པའི་ནང་སུད་སི་ཕྱི་ཚོང་སྒོ་ཁྲལ་ལས་ཁུངས་ནས་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་དང་སྐེ་དཀྲིས་གྲངས་ ༥༣༧ གཞུང་བཞེས་བཏང་ཡོད་པ་དང༌། དེ་ནི་བོད་ཀྱི་གཙོད་གྲངས་ ༢༧༠༠ ཙམ་ལྐོག་གསོད་བྱས་ཡོད་པ་ཚོད་དཔག་བྱས་ཡོད།
ཕྱི་ལོ་༢༠༠༦ ཟླ་ ༣ པར་བོད་བྱང་ཐང་དུ་གཙོད་ ༡༥༠ བསད་པའི་དོན་རྐྱེན་ཞིག་བྱུང་ཡོད་པ་དང་རྔོན་པ་མི་ ༣ ཙམ་འཛིན་བཟུང་བྱས་ཡོད། ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡༨ ཐའི་ལན་ཌི་རྒྱལ་ས་བྷང་ཀོག་ནང་འབྲེལ་ཡོད་ལས་ཁུངས་ནས་བོད་ཀྱི་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་གྲངས་ ༢༥༠ ཙམ་གཞུང་བཞེས་བཏང་ཡོད་པ་རེད།
ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༢ ཉིན་བོད་གཞུང་དྲ་གནས་ཐོག་གནས་ཚུལ་ཐོན་གསལ་ལ་ཕྱི་རྒྱལ་བ་འགའ་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐབས་བོད་མངའ་རིས་ས་ཁུལ་དགེ་རྩེ་རྗོང་ཁུངས་སུ་བོད་ཀྱི་གཙོད་མགོ་ ༢༠ ཙམ་ཡོད་པ་མཐོང་ཡོད་པ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༢༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལ་ལྡི་ལི་གསར་པ་རུ་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་གོས་གྲངས་ ༥༠ ཙམ་མགྲོན་ཁང་ཞིག་ནང་མི་གཞན་ལ་བཙོང་གྲབས་བྱེད་སྐབས་འབྲེལ་ཡོད་ནས་ཧ་གོ་སྟེ་ནག་ཚོང་རྒྱག་མཁན་མི་གསུམ་འཇུ་བཟུང་བྱས་ཡོད།
དེ་བཞིན་ཐའི་ལན་ཌི་རྒྱལ་ས་བྷང་ཀོག་ལ་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༢༧ ཉིན་རྒྱ་གར་བ་མི་ཞིག་གི་ལག་ནས་གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་གོས་ཨ་སྒོར་ ༢༠༠༠༠ ལྷག་ཙམ་རིན་ཐང་ལྡན་པ་ཞིག་འཇུ་བཟུང་བྱས་ཏེ་མི་དེ་ལོ་གཉིས་བཙོན་འཇུག་ཁྲིམས་ཆད་ཕོགས་ཡོད་པ་རེད། དེ་འབྲེལ་གྱི་རྒྱལ་ཁབ་དང་ས་གནས་གཞན་དུའང་གཙོད་ཀྱི་ཁུ་ལུ་དང༌། གཙོད་ཀྱི་ཁུ་ལུས་བཟོས་པའི་གཟན་དང་སྐེ་དཀྲིས་སོགས་གཙོད་སྲུང་སྐྱོབ་ཡོང་ཆེད་དུ་འཇུ་བཟུང་དང་དོན་རྐྱེན་མང་པོ་ལྷགས་དང་ལྷགས་བཞིན་ཡོད་པ་རེད།
ཐེངས་ 42305 བཀླགས་འདུག