Donate

ཙན་དན་སོཊ་ཀྱི་ནག་ཚོང་ཐོག་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིན།

ཕྱི་ལོ་ ༢༠༡༤ ཟླ། ༧ ཚེས་ ༣༡ ཉིན་བལ་ཡུལ་གྱི་ཚོང་ཟོག་ཁྲལ་འཇལ་ལས་ཁུངས་ཀྱི་འགན་འཛིན་ཌེན་ཀཱ་མ་ནེ་ (Tankamani Sharma ) ལགས་ཀྱིས། ཉེ་ལམ་ནག་ཚོང་རྒྱག་མཁན་ཚོས་བལ་ཡུལ་ཀྱི་ས་མཚམས་ཁག་བརྒྱུད་ནས་རྒྱ་གར་ནས་རྒྱ་ ནག་ནང་ཙན་དན་ཤིང་ཁྲིམས་འགལ་གྱིས་དབོར་འདྲེན་བྱེད་པའི་གནས་ཚུལ་རིམ་པ་བྱུང་བར་བརྟེན།sandalwood རྒྱ་གར་དབུས་གཞུང་གིས་བལ་གཞུང་གིས་ངེས་པར་དུ་རྒྱ་གར་ནས་བལ་ཡུལ་ནང་དབོར་འདྲེན་བྱེད་བཞིན་པའི་ཚོང་ཟོག་རིགས་ལ་རྟོག་ཞིབ་ནན་མོ་བྱས་ཏེ་ཁྲིམས་འགལ་གྱི་ཙན་དན་བཀག་འགོག་ལ་རོགས་འདེགས་བྱེད་དགོས་པའི་རེ་སྐུལ་བྱས་པ་ལྟར་བཀག་འགོག་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཟླ་འགའི་སྔོན་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་གྱི་ས་གནས་བྷ་ར་ཧ་བཱ་ (Bhairahawa)དང་སིན་ཊོ་པལ་ཆོག་ (Sindhupalchwok) གཉིས་ནས་རྒྱ་གར་ནས་ཁྲིམས་འགལ་གྱིས་དབོར་འདྲེན་བྱས་པའི་ཙན་དན་དམར་པོ་ཏུན་ སྟོང་ཕྲག་ལྷག་རྒྱ་ནག་ནང་དབོར་འདྲེན་བྱེད་བཞིན་པ་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ཚོང་ཟོག་དེའི་རྒྱབ་ཏུ་གཞུང་གི་གནད་ཡོད་མི་སྣ་དང་དམག་མི། ཁྲལ་བསྡུ་ལས་ཁུངས་ཀྱི་མི་སྣ་སོགས་ཡོད་འདུག

རྒྱ་གར་དང་བལ་ཡུལ་གཉིས་ནི་འཛམ་གླིང་ནང་རྩ་སྟོང་ཉེན་ཁ་ཆེའི་སྲོག་ཆགས་དང་རྩི་ཤིང་ཚོང་འབྲེལ་མི་བྱེད་པའི་གྲོས་ཆོད་ལ་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཡིན་པ་དང་། གྲོས་ཆོད་དེའི་ནང་བསེ་རུ་དང་སྟག་སོགས་གཙོས་སྲོག་ཆགས་ ༥༠༠༠ དང་རྩི་ཤིང་རིགས་ ༢༨༠༠༠ ལྷག་ཚུད་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ ༡༩༨ ལྷག་གིས་དེ་རིགས་ཀྱི་ཚོང་ལས་འགོག་སྲུང་ནན་མོ་བྱེད་པའི་མིང་རྟགས་བཀོད་ཡོད་འདུག

ཚོང་ལས་དབྱེ་ཞིབ་པ་ཚོས། རྒྱ་གར་གྱི་ཙན་དན་དམར་པོ་ནག་ཚོང་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་ནི། རྒྱ་ནག་དང་མ་ལི་ཤི་ཡ། སེང་གྷ་པུར། ལྷོ་ཀོ་རི་ཡ། ཉི་ཧོང་། ཁ་ཆེ་སྤྱི་མཐུན་རྒྱལ་ཁབ་ (UAE)སོགས་ཡིན་པ་དང་། རྒྱ་ནག་གི་ཚོང་པ་ཚོ་བལ་ཡུལ་ནང་ཡོང་སྟེ་རྒྱ་གར་གྱི་ཙན་དན་ཁྲིམས་འགལ་ཐོག་ཉོས་ཏེ་བལ་ཡུལ་དང་བོད་བརྒྱུད་ནས་རྒྱ་ནག་ནང་དབོར་འདྲེན་བྱེད་ཀྱི་ཡོད་སྟབས། བལ་ཡུལ་གཞུང་གིས་སོ་སོའི་རྒྱལ་ཁབ་ཁུལ་གྱི་ནག་ཚོང་སྔོན་འགོག་བྱས་ཚེས། བོད་དང་རྒྱ་ནག་ནང་ནག་ཚོང་དེ་རིགས་ཏན་ཏན་ཇེ་ཉུང་དུ་འགྲོ་ངེས་ཡིན་ཚུལ་བརྗོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42293 བཀླགས་འདུག