བོད་ཀྱི་ཁོར་ཡུག་སྐོར་གྱི་རྒྱ་གཞུང་གི་ཡིག་ཆ་དཀར་པོར་བོད་མིའི་སྒྲིག་འཛུགས་ཀྱི་ལན་འདེབས།
ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཐེངས་འདིའི་ལན་འདེབས་ཚོགས་ཆུང་ནས། རྒྱ་གཞུང་གིས་བཏོན་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཡིག་ཆ་དཀར་པོ་ལ་ལན་འདེབས་དཔེ་དེབ་ཅིག་དབྱིན་ཡིག་ཐོག་པར་སྐྲུན་བྱས་པ་དབུ་འབྱེད་གནང་སོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་གྱིས་མཛད་སྒོའི་ཐོག་དཔེ་དེབ་དེ་འདོན་དགོས་དོན་སྐོར་གསུང་དོན། “ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༨ ཉིན་རྒྱ་གཞུང་གིས་བོད་ས་ཁུལ་ཡོངས་རྫོགས་ཀྱི་ཁོར་ཡུག་ཐོག་ལ་ཡིག་ཆ་དཀར་པོ་ཞིབ་ཕྲ་ཞིག་བཏོན་ཡོད་པ་རེད། དེ་བཏོན་པའི་རྗེས་སུ་ཉིན་གསུམ་གྱི་ནང་ཚུན་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་གྱིས་ལན་འདེབས་གནང་ཡོད། དེའི་ནང་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཡར་རྒྱས་བཏང་ཞེས་པ་ནི་རྫུན་དང་འགལ་ཟླ་མང་པོ་ཚུད་པའི་ཡིག་ཆ་དཀར་པོ་ཞིག་རེད་ཅེས་ལན་འདེབས་གནང་ཡོད་པ་རེད། ལན་འདེབས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གཏོང་ཐུབ་པ་རེད་”ཅེས་དང་། “ཟླ་༧ ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ཤོག་སན་སྒྲིས་སྒར་སྦྲན་ཐོག་ཁོ་རང་ཚོས་རྩོམ་ཡིག་ཅིག་བྲིས་ཡོད་པ་དང་རྩོམ་དེར་ཡང་བསྟན་པ་རྒྱལ་མཚན་གྱི་ལན་འདེབས་སྙིང་བསྡུས་དེ་གཞིར་བཞག་ནས་བྲིས་འདུག་”ཅེས་འགྲེལ་བརྗོད་བྱས་སོང་།
མུ་མཐུད་གསུང་དོན། “དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལན་འདེབས་ཚོགས་ཆུང་གི་ཚོགས་འདུ་ཡང་ཡང་འཚོགས་ནས། ཡིག་ཆ་དཀར་པོའི་ལན་འདི་ཡིག་ཐོག་ནས་ལན་རྒྱས་པ་ཞིག་དགོས་པའི་དགོངས་འཆར་སླེབས་པ་ནང་བཞིན། དེ་རིང་ཡིག་ཆ་དཀར་པོ་ཤོག་༢༡ ཅན་གྱི་དབྱིན་ཡིག་ཐོག་ཡོད་པ་ཞིག་དབུ་འབྱེད་བྱ་རྒྱུ་ཡིན། ལན་འདེབས་འདི་བོད་སྐད་དང་རྒྱ་སྐད་ཐོག་ལ་བསྒྱུར་རྒྱུའི་འཆར་གཞི་འགྲོ་བཞིན་ཡོད་པས་རིམ་གྱིས་དྲྭ་ཐོག་ཏུ་འཇོག་རྒྱུ་རེད། དེ་དང་འབྲེལ་ནས་དེ་རིང་གི་གསར་འགོད་གསལ་བསྒྲགས་གནང་དགོས་པའི་གནས་སྟངས་ཆགས་སོང་”ཞེས་གསུངས་སོང་།
ཕྱི་འབྲེལ་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུས་དེབ་འདིའི་སྐོར་འགྲེལ་བརྗོད་གནང་དོན། “རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་སྐོར་ཡིག་ཆ་དཀར་པོ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དང་། སྐབས་དེར་ཁོར་ཡུག་འགན་འཛིན་བསྟན་པ་རྒྱལ་མཚན་གྱིས་ལན་འདེབས་སྙིང་བསྡུས་ཤིག་འགྲེལ་བཤད་བསྐྱོན་ཡོད་པ་རེད། ཡིན་ཡང་རྒྱ་ནག་གིས་བོད་དོན་ཐོག་བཏོན་པའི་ཡིག་ཆ་དཀར་པོ་དེ་གལ་ཆེན་པོ་བརྩི་གི་ཡོད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ཡིན་ཞེས་བཤད་བསྡད་པ་ཡིན་པའི་ཆ་ནས། དེའི་ལན་དུ་གལ་ཆེན་པོ་དང་གཏིང་ཟབ་པོ་ཞིག་ཉམས་ཞིབ་མ་བྱས་པར་ལན་དེ་ག་ཙམ་བརྒྱབ་ན་མི་འགྲིག་པས། ང་ཚོས་རྒྱ་ནག་གི་ཡིག་ཆ་དཀར་པོའི་ཐོག་ལ་ཉམས་ཞིབ་བྱས་པ་དང་། དེའི་ཐོག་ལ་ཁོ་རང་ཚོས་ཁྲིམས་གཏན་འབེབས་བྱས་པ་ཡིན་ནའང་འདྲ། ལངས་ཕྱོགས་གཏན་འབེབས་བྱས་པ་ཡིན་ནའང་འདྲ། དེའི་ཐོག་ལག་ལེན་ག་འདྲ་བསྟར་གྱི་འདུག དངོས་ཡོད་ཐོག་ལ་གང་འདྲ་ཡིན་མིན་གསལ་བོ་དང་ཞིབ་ཚགས་པོ་ཞིག་ཞིབ་འཇུག་བྱས་པའི་ཐོག་ནས་དེ་རིང་ང་ཚོས་ལན་འདེབས་བྱས་ཡོད་རེད་”ཅེས་དང་། “དེ་རིང་གི་ལས་གཞི་འདི་༢༠༡༨ ཀྱི་ལས་གཞི་ཆགས་བསྡད་ཡོད་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་འོག་ལ་ཡོད་པའི་ལན་འདེབས་ཚོགས་ཆུང་གཞིར་བཞག་ཐོག་རྒྱ་ནག་གི་ཁོར་ཡུག་ཐོག་ལ་བཏོན་པའི་ཡིག་ཆ་འགྲེམ་སྤེལ་བྱ་རྒྱུ་ཡིན་”ཞེས་དང་། “གཞན་ཡང་རྒྱབ་ལྗོངས་ནི་ཁོར་ཡུག་དེ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་ཁོར་ཡུག་དེ་འཛམ་གླིང་འདིའི་སྒང་ལ་གནས་པའི་སེམས་ཅན་ཡོད་ཚད་ལ་འབྲེལ་བ་ཆགས་ཡོད་པ་རེད། བོད་ནང་གི་ཚ་དྲོད་རྒྱས་པ་ཡིན་ན་གངས་བཞུར་བ་དང་། གཏེར་ཁ་སྔོག་འདོན་བྱས་ན་རུད་རྒྱག་པ་དང་། ཆུ་འགག་ཡ་གནས་ཚུལ་ཡོང་གི་ཡོད་པ་རེད་”ཅེས་དང་། “ལྷག་ཏུ་དགོངས་པ་བཞེས་དགོས་པ་ནི་བོད་འདི་འཛམ་བུ་གླིང་གི་མཐོ་སྒང་ཡིན་ཟེར་དུས་འཛམ་གླིང་གི་མཐོ་སྒང་འདིར་གནོད་འཚེ་ཆུང་ཆུང་ཞིག་བྱུང་ན་བོད་གཅིག་པུར་མ་ཡིན་པ། རྒྱ་ནག་དང་། དེ་བཞིན་འཛམ་གླིང་ཧྲིལ་པོའི་ཐོག་ལ་གནོད་འཚེ་རང་བཞིན་གྱིས་ཕོག་གི་ཡོད་རེད། དེ་ཡིན་པའི་ཆ་ནས་ཞིབ་ཚགས་པོའི་ཐོག་ནས་བོད་ཀྱི་ཁོར་ཡུག་ཚན་པས་རྒྱ་ནག་གིས་ཁོར་ཡུག་ཐོག་ལ་བཏོན་པའི་ཡིག་ཆ་དཀར་པོ་བཏོན་པ་དེ་ལ་ཁོར་ཡུག་ཚན་པའི་བསྟན་པ་རྒྱལ་མཚན་གྱིས་ཞིབ་ཚགས་པོས་ཞུ་གི་ཡོད། ང་ཚོས་བཏོན་པ་དེ་ཚོ་ཞིབ་ཚགས་པོ་དང་ཁུངས་ལུང་ཡོད་པ་ཞིག་དགོས་པས་དུས་ཚོད་འགོར་ཡ་དེས་ཡིན་ཞེས་”འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་གྱིས་ཡིག་ཆ་དཀར་པོའི་ལན་འདེབས་ཀྱི་ནང་དོན་དང་འབྲེལ་བའི་སྐོར་གསུང་དོན། “ད་ལྟ་ཡིག་ཆ་དཀར་པོའི་ལན་འདེབས་གྲ་རྒྱས་པ་བཏོན་པའི་དམིགས་ཡུལ་དེ་རྒྱ་ནག་གཞུང་གིས་ཡིག་ཆ་དཀར་པོ་ཞིག་བཏོན་ཡོད་པའི་ནང་བོད་ཀྱི་ཁོར་ཡུག་ཉིན་རེ་ནས་ཡར་རྒྱས་འགྲོ་གི་ཡོད་པ་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཤད་ཡོད་པ་རེད། བཤད་པ་ཙམ་མ་ཚད་རྒྱ་ནག་གཞུང་གི་དཔོན་པོ་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་པ། ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པ་བཤད་བསྡད་ཡོད་པ་རེད། ཡིན་ཡང་བོད་མཐོ་སྒང་གི་ཁོར་ཡུག་དེ་བཤད་པ་བཞིན་མེད་པས། མི་འདུག་ཅེས་ར་སྤྲོད་བྱེད་དགོས་པ་དང་། དེ་ཡང་རྒྱ་ནག་གིས་བསྐྱར་ཟློས་ནང་བཞིན་བསམ་ཚད་བྲིས་བཞག་པ་མ་ཡིན་པར། དོན་ལ་མཐུན་པ་དངོས་ཡོད་གནས་སྟངས་ས་གནས་ས་ཐོག་གི་ཁོར་ཡུག་གནས་སྟངས་གཞིར་བཞག་ནས་གཅིག་སྟོན་དགོས་པ་ཡིན་དུས། ང་ཚོས་གཙོ་བོ་ས་གནས་ས་ཐོག་མི་མང་རང་གི་གནས་སྟངས་དང་ཁོར་ཡུག་རང་གི་གནས་སྟངས་གཞིར་བཞག་ནས་ཡིག་ཆ་དཀར་པོ་བསྒྱུར་བཞག་པ་ཡིན། ཡིག་ཆ་དཀར་པོའི་ནང་ལེའུ་བརྒྱད་ཡོད་པ་དང་། ལེའུ་བརྒྱད་ནང་ལེའུ་རེ་རེས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་མ་འདྲ་བ་རེ་གཙོར་འདོན་བྱས། གཙོར་འདོན་བྱས་པ་དེ་ཡང་སྤྱིར་བཏང་བཤད་བཞག་པ་ཞིག་མ་ཡིན་པར། ས་གནས་ས་ཐོག་ཏུ་དངོས་གནས་བྱུང་བའི་གནས་དོན་དེའི་ནང་བྲིས་བཞག་ཡོད། ནམ་རྒྱུན་བཤད་པ་ལས་ལེའུ་འཐོལ་པ་གཉིས་ཡོད་པ་དེའི་ནང་དུ། བོད་ནང་དེང་སང་གད་སྙིགས་མང་དུ་འགྲོ་བའི་དཀའ་ངལ་ཡོད་པ་དེ་དང་། དེ་བཞིན་༢༠༡༦ ནས་བོད་ནང་དུ་འབྱུང་བའི་གོད་ཆག་མང་དུ་འགྲོ་གི་ཡོད་པ། དེ་འགྲོ་བ་ནང་བཞིན་རྒྱ་ནག་གཞུང་གིས་གདོང་ལེན་བྱེད་ཀྱི་མེད་པ། མི་མང་གི་དཀའ་ངལ་སེལ་གྱི་མེད་པ་གསལ་པོ་བཏོན་བཞག་ཡོད་པ་རེད་”ཅེས་དང་། “བོད་ཀྱི་ཁོར་ཡུག་ནི་བོད་གཅིག་པུར་མ་ཡིན་པར་རྒྱ་ནག་དང་ཨེ་ཤི་ཡ། མདོར་ན་གོ་ལ་ཧྲིལ་པོར་གལ་ཆེན་ཡིན་པ་མགོ་བརྗོད་ཐོག་བཤད་ཡོད་པ་དང་། ལོ་རྒྱུས་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་པ་དེ་ང་ཚོའི་རིག་གཞུང་གི་རང་བཞིན་དང་ལྡན་པ་ཞིག་ཡིན་པ། རྒྱ་ནག་གིས་དབང་བསྒྱུར་བྱས་པ་ནས་དེའི་རིག་གནས་དང་ཁོར་ཡུག་ཉམས་གུད་ཕྱིན་པར་བྲིས་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་དེའི་ནང་དུ་ས་གནས་ས་ཐོག་ཏུ་བྱུང་བའི་གནས་ཚུལ་བཞི་གཙོར་འདོན་བྱས་པའི་སྐོར་བཤད་དོན། “སྤྱིར་ཁོར་ཡུག་དང་འབྲེལ་བའི་གནད་དོན་མི་འདྲ་བ་སུམ་ཅུ་ཙམ་བྱུང་ཡང་དེའི་ནང་ནས་བཞི་འདེམས་དགོས་དོན་ནི། གནད་དོན་བཞི་དེས་བོད་ས་ཡོངས་རྫོགས་ལ་ཁྱབ་ཐུབ་པ། དེ་རྒྱ་ནག་གི་ཁྲིམས་དང་འགལ་བ་བཅས་ཡིན་པ་རེད། དཔེར་ན། ཁམས་རྫ་སྟོད་དུ་གཏེར་ཁ་སྔོག་འདོན་གྱི་ཆོག་མཆན་སྤྲད་ཡོད་པ་དེ་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་ས་དང་ཐག་ཉེ་སར་གཏེར་ཁ་སྔོག་འདོན་བྱེད་ས་ཞིག་ལ་མི་བརྒྱད་ཅུ་གྱ་གཉིས་ཀྱི་ཚེ་སྲོག་ཤོར་བ་དེས་གཏེར་ཁ་སྔོག་སྐབས་མི་མང་གི་ཚེ་སྲོག་འགན་འཁུར་མེད་པ། ཁམས་མི་ཉག་ལྷ་སྒང་དུ་གཏེར་ཁ་བསྔོགས་ནས་གཏེར་ཁ་སྔོག་པའི་རྫས་དེ་ཆུ་ལ་གློད་ནས་ཡུལ་མིའི་འཐུང་ཆུ་དཀའ་ངལ་འཕྲད་པ་དང་། ཉ་མང་པོ་ཤི་བ་དེས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་འཐུང་ཆུ་གཙང་མ་ཉར་གྱི་ཡོད་ཟེར་བ་བདེན་པ་མ་ཡིན་པ། བོད་མདོ་སྨད་ཨ་མཆོག་ཏུ་གཏེར་ཁ་སྔོག་འདོན་གྱི་དོན་འབྲས་ལ་ངོ་རྒོལ་མང་པོ་རིམ་པས་བྱུང་ཡོད་པ་དང་། གཏེར་ཁ་སྔོག་ས་དེ་ས་ཆ་དེ་ག་ཙམ་མ་ཡིན་པར། གནས་རྩ་ཆེན་པོ་ཡིན་པས་རིག་གཞུང་ལ་གུས་ཞབས་མེད་པ། ཡུལ་ལུང་གོམས་གཤིས་ལ་གུས་ཞབས་མེད་པ། མི་མང་གི་བསམ་ཚུལ་ལ་གུས་ཞབས་མེད་པ། དེས་རང་བཞིན་གྱིས་རྒྱ་ནག་གི་ཁྲིམས་དང་འགལ་བ་བཅས། དེ་འདྲའི་གནད་དོན་བཞིར་གཙོར་འདོན་བྱས་ཡོད་”ཅེས་དང་། “སྤྱིར་བཏང་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྐད་ཆ་མང་པོ་ཤོད་ཀྱི་ཡོད་རེད་ལ་སྲིད་ཇུས་མང་པོ་གཏན་འབེབས་བྱེད་ཀྱི་ཡོད་རེད། བྱས་པ་ནང་བཞིན་བོད་ཀྱི་ས་གནས་ས་ཐོག་ལ་དོན་དང་ལྡན་པའི་འབྲས་བུ་འབྱུང་གི་མི་འདུག མ་བྱུང་བའི་རྒྱུ་མཚན་ག་བར་ཐུག་འདུག་ཟེར་ན་རྒྱ་ནག་གཞུང་གིས་སྲིད་ཇུས་བཟོས་པའི་སྐབས་སུ་ས་གནས་ས་ཐོག་གི་ཡུལ་མིའི་གནས་སྟངས་གཞིར་མ་བཞག་པ། ཡུལ་མིའི་བསམ་ཚུལ་མ་ལོན་པ། སྲིད་ཇུས་གང་བཟོས་པ་དེས་ཁོར་ཡུག་སྲུང་སྐྱོབ་ལ་ཡོང་གི་མེད་དུས། ཁོར་ཡུག་སྲུང་སྐྱོབ་ལ་དོ་ཕོག་ཡོང་གི་འདུག་”ཅེས་དང་། “ཁོར་ཡུག་སྲུང་སྐྱོབ་དེ་རྒྱ་བོད་གཉིས་ཀས་མཉམ་རུབ་ཐུབ་པ་ཞིག་རེད་འདུག ང་ཚོས་མཉམ་རུབ་ཐོག་ནས་བྱེད་དགོས་འདུག ཁོར་ཡུག་ནི་ཆབ་སྲིད་ལས་བརྒལ་བའི་སྤྱི་ཡོངས་ཀྱི་གནས་དོན་ཞིག་ཡིན་པ་རེད། ༧གོང་ས་མཆོག་གིས་གསུངས་པ་བཞིན་མཉམ་རུབ་ཐོག་ནས་ལས་ཀ་བྱེད་དགོས་ཀྱི་འདུག་”ཅེས་མཐའ་བསྡོམས་བྱས་སོང་།
ཐེངས་འདིའི་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ཡིན་པ་དང་། ཚོགས་མི་ཕབ་བསྒྱུར་ཚན་པའི་འགན་འཛིན་དོན་གྲུབ་རྒྱལ་པོ། རྒྱ་སྐད་ཚན་པའི་འགན་འཛིན་བསྟན་འཛིན་བདེ་ལྡན། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཚེ་རིང་དབྱངས་སྐྱིད། ཁོར་ཡུག་འགན་འཛིན་བསྟན་པ་རྒྱལ་མཚན་སོགས་ཡོད་འདུག །
ཐེངས་ 427711 བཀླགས་འདུག