Donate

༄༅།།འབྱུང་བཞིའི་ཆུ་ལ་དཔྱད་པ་ལས་ཁོར་སྲུང་གླེང་བ།

༄༅།།འབྱུང་བཞིའི་ཆུ་ལ་དཔྱད་པ་ལས་ཁོར་སྲུང་གླེང་བ།

 

 

ཨ་སྐྱབས་རྒྱལ་སྲས།

གླེང་གཞི།

ད་ཆ་འཛམ་གླིང་གི་ཡུལ་ལུང་སོ་སོར་དུས་ངེས་མེད་ཀྱིས་ས་གཡོ་བ་དང་ཆུ་ལོག་རྒྱུགས་པ། མཚོ་དང་རླུང་འཚུབ་འཕྱུར་བ། མེ་དང་ཐན་པ་བྱུང་བ།  ཐོག་དང་སེར་བ་རྒོད་པ། ལྷག་ཏུ་འགོས་ནད་ཀྱི་རིགས་སྔར་མེད་གསར་དུ་བྱུང་བ། སྨན་རྫས་ཀྱི་ནུས་པ་ཞན་པ་སོགས་ཀྱི་སྣང་ཚུལ་ནི་ཆུ་ཡི་ཟུངས་ཤོར། ས་ཡི་བཅུད་ཉམས། དུད་འགྲོའི་གཡང་ཉམས་པའི་སྔ་རྟགས་སུ་ཤར་བས། སྣོད་ཀྱི་འཇིག་རྟེན་འདི་ཉིད་མྱུར་དུ་འཇིག་ལ་ཉེ་བ་དང་བསྟུན་ནས་ནང་སྐྱེ་འགྲོའི་བློ་ལ་སྐྲག་སྣང་གིས་འཚུབ་ཆ་ཤར་ཏེ་སྨྲེ་ངག་འདོན་པ་ཡིན་མོད། རྒྱལ་སྲས་ཞི་བ་ལྷས། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་བཅོམ།། ཞེས་གསུངས་པ་ལྟར་སེམས་ཅན་མ་རིག་པ་རྨོངས་པས་རང་འདོད་ཡིད་བྱེད་ཀྱི་བློ་སྣ་ཐུང་ཐུང་འདིས་འདོད་པ་ལ་ཁ་མ་བཀང་བས་བརྫད་པ་རེད། དེ་ལ་འཛམ་གླིང་གི་བསམ་བློ་སྔོན་ཐོན་ཅན་གྱི་མི་སྣ་དང་སྡེ་ཁག རྒྱལ་ཁབ་སོ་སོའི་དུས་རབས་གོང་མ་ནས་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་.ལ། འབྲས་བུ་མི་དམན་པ་ཐོབ་པ་ནི་རྗེས་སུ་ཡི་རང་གི་གནས་སུ་འཁུམས། རང་རེའི་བོད་ཆོས་ལྡན་གྱི་ཞིང་འདིར་ལོ་ངོ་སྟོང་ཕྲག་གི་གོང་རོལ་ནས་ལྷ་མི་མཉམ་གནས། མི་དང་ཀླུ་མཉམ་གནས། མི་དང་བྱ་མཉམ་གནས། མི་དང་རི་དྭགས་མཉམ་གནས། མི་དང་རང་བྱུང་གི་ཁམས་མཉམ་གནས་ཀྱི་ལྟ་ཚུལ་བཏོན་ཅིང་ལག་ལེན་དུ་བཏབ་པས། བོད་ནི་ད་ལྟ་འཛམ་བུ་གླིང་དུ་མིས་གཏོར་བརླག་མ་ཐེབས་པའི་ཡུལ་ཉེར་ལྔའི་གཅིག་ཏུ་བགྲང་བ་ཡིན།

དེ་ལྟ་ན། ད་ནི་རྒྱལ་ནང་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྙན་ཞུའི་ནང་དུའང་། ཁོར་ཡུག་སྲུང་སྐྱོབ་དང༌། ཐོན་ཁུངས་གྲོན་བསྲི། ནུས་ཁུངས་གྲོན་བསྲི། སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་གཏོང་བ། ཆུ། རླངས། གཤིན་ས། སྦགས་བཙོག་བཅོས་སྐྱོང་སོགས་དོན་ཚན་མང་པོ་ཞིག་ལ་འབྱུང་ཁམས་དཔལ་ཡོན་ཞེས་བརྗོད་བཞིན་པ་ནང་བཞིན་ཚད་མཐོན་པོ་ཞིག་ལ་བཞག་ཡོད། སྙན་ཞུ་ཧྲིལ་པོ་ལ་དོན་ཚན་བཅུ་གཅིག་ལས་དོན་ཚན་བརྒྱད་པ་ཆེད་དུ་བཏོན་ནས་ནན་བཤད་བྱས་ཡོད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ནི་རྒྱ་ཆེ་བའི་ལས་གཞིའི་མ་ལག་ཅིག་ཡིན་ལ། ང་ཚོ་ཚང་མ་མཉམ་ཞུགས་སྒོས་ཧུར་ཐག་འབད་བརྩོན་བྱ་དགོས། ཞེས་པ་ནི་དགའ་འོས་བའི་དོན་དག་ཅིག་དང་མི་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ།

ཉེ་ཆར་ཀྲུའུ་ཞི་ཞིས་ཅིན་ཕིན་ཀྱིས་སྔོ་ལྗང་གི་རི་བོ་དང་དྭངས་བསིལ་གྱི་ཆུ་བོ་ནི་གསེར་རི་དང་དངུལ་རི་རེད་ཅེས་གསུངས་པ་ནི་དགའ་འོས་པའི་གཏམ་དུ་འཁུམས། ཅིའི་ཕྱིར་ན། ཕྱི་སྣོད་ཀྱི་འཇིག་རྟེན་རི་ར་བ་ཁང་ཁྱིམ། དེ་ལ་བརྟེན་པའི་ནང་བཅུད་ཀྱི་སེམས་ཅན་རྟེན་དང་འབྱུང་གི་ཚུལ་དུ། ཆུ་ལ་མ་བརྟེན་པར་ཆགས་ལུགས་མེད་དེ། རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་ཆུ་ཆགས། ཆུའི་ཀློང་ཁམས་ཆེན་པོ་ལ་བརྟེན་ནས་ས་ཆགས་པ་ཡིན་པས། ཆུ་ནི་འཇིག་རྟེན་འདིའི་སྐྱེ་དངོས་དང་སྐྱེ་འགྲོ་ཡོད་དོ་ཅོག་གི་ཚེ་སྲོག་གི་རྩ་བའི་རྨང་གཞིར་གྱུར་བའི་དངོས་པོའམ་རྫས་ཤིག་ཡིན་ལ།

ཅི་ཞིག་ལ་འབྱུང་བ་ཟེར།

འབྱུང་ནི་སྐྱེ་དང་འོང་། འབབ་པའི་ཁུངས་ཏེ་དབྱིབས་དང་ཁ་དོག་དྲི་རོ་རེག་བྱ་སོགས་འབྲས་བུའི་གཟུགས་རྣམས་འབྱུང་བའི་གཞིའམ་རྒྱུའི་གཟུགས་ལ་འབྱུང་བ། ཡང་ན་སེམས་ཅན་ལས་ཀྱི་དབང་གིས་འཁོར་བ་ཐོག་མེད་པར་འབྱུང་བས་ན་འབྱུང་བ། ཡང་སྨན་རྩིས་ཀྱི་གཞུང་དུ་ངེས་ཚིག་ཆོས་ཀུན་འབྱུང་ཕྱིར་བརྗོད་ཅེས་པ་ལྟར་ཡིན།

འབྱུང་བ་ཞེས་པའི་མིང་གི་ཐོགས་དེ་ཡང་། འབྱུང་བའི་ཀློང་ལས་ཐམས་ཅད་བསྐྱེད་པའམ་བྱུང་བས་ན་འབྱུང་བ་ཟེར། དག་པ་གསེར་གྱི་མདོ་ཐིག་ལས། ཐམས་ཅད་དབང་སྡུད་འབྱུང་བའི་ལྷ། །འབྱུང་བའི་ངང་དུ་མ་འདུས་གང་ཡང་མེད། །དང་པོ་སྲིད་ནས་བར་དུ་ཆགས། །མཐའ་མ་འཇིག་ཀྱང་འབྱུང་བས་འཇིག ། ཅེས་གསུངས་ཡོད།

འབྱུང་བའི་ངོ་བོ་ནི། ཕྱི་འབྱུང་གཟུགས་སུ་སྣང་བ་འདི་ཡང་ནང་འབྱུང་དངོས་ཀྱི་རོལ་བ་ཡིན་པས། ནང་གི་ཁོངས་ནས་བྱུང་བའམ་དེའི་ཁོངས་སུ་འདུ་བ་ཡིན་པས་འབྱུང་བ་ལྔ་ཟེར། སེམས་ཅན་སྤྱི་མཐུན་ལ་སྣང་བའི་ཕྱིའི་འབྱུང་གཟུགས་ལྔ་ནི། རྟེན་སྣོད་ཀྱི་སྣང་བ་རུ་ཆགས་པ་ཡིན་ལ། ནང་འབྱུང་དངོས་ལྔ་ནི། སེམས་དང་རིག་པའི་རྟེན་དུ་ཆགས།

འབྱུང་བའི་དབྱེ་བ་ལ། སྤྱིར་བཏང་འབྱུང་བ་ལ་ཕྱིའི་འབྱུང་བ་དང་ནང་གི་འབྱུང་བ་རྣམ་པ་གཉིས་སུ་དབྱེ་རུང་བ། དེ་ལ་ཡང་འབྱུང་ཆེན་འབྱུང་ཆུང་ཕྱེ་རུ་ཡོད། དེ་ལའང་ནང་གི་འབྱུང་བ་ལ་དྭངས་མ་དང་སྙིགས་མ་གཉིས་སུ་དབྱེ་རུ་ཡོད། ཡང་རྩིས་དཔེ་གསར་སྒྲིག་སུ། ཕྱི་ནང་གསང་གསུམ་འབྱུང་བ་ལས། །ཕྱི་འབྱུང་ནམ་མཁའི་དྭངས་མ་སྟེ། །འོག་དང་སྟེང་དུ་གནས་པ་ཡིན། །དེ་སྟེང་འབྱུང་བ་ཤིང་ཁམས་ཆགས། །དེ་སྟེང་ཆུ་ལ་དེ་སྟེང་ལྕགས། །དེ་སྟེང་ས་ལ་དེ་སྟེང་མེ། །དེ་ནི་ཕྱི་ཡི་འབྱུང་ལྔ་ཡིན། ཞེས་གསུང་བ་འདིས་ལས་འབྱུང་བའི་ཕྱི་ནང་དང་། འབྱུང་བའི་དྭངས་སྙིགས་སོ་སོར་དབྱེ་ཡོད།

ནང་གི་འབྱུང་བ་དྭངས་མ་སེམས།། དྭངས་མ་རླུང་གི་རྟར་བཞོན་ནས།། མངལ་འཇུག་ཤིང་ཁམས་རྩ་རྒྱུད་ཆགས།། རྩ་ལ་ཁྲག་དང་ཆུ་སེར་ཆུ།། རུས་པ་ལྕགས་ལ་ཤ་ནི་ས།། དྲོད་ནི་མེ་ཡིན་ཀུན་ལ་ཁྱབ།།

འབྱུང་བ་འདི་ལ་ཕྱི་སྣོད་ཀྱི་འབྱུང་བ་རི་ར་བ་ཁང་ཁྱིམ་གྱི་གྲུབ་རྒྱུ་ས་ཆུ་མེ་རླུང་དང་། ནང་བཅུད་ཀྱི་འབྱུང་བ་སེམས་ཅན་ལུས་རྟེན་གྱི་གྲུབ་རྒྱུ་ས་ཆུ་མེ་རླུང་རྣམ་པ་གཉིས་ཀྱི་དབྱེ་བ་ཡོད། ཕྱི་འབྱུང་ས་ཆུ་ལ་སོགས་པ་འདི་དག་ནང་འབྱུང་གི་རྟེན་ཡིན་པས། རྟེན་དང་བརྟེན་པར་འབྲེལ་བས་ན་ཕྱི་ནང་གི་འབྱུང་བ་གཉིས་སུ་ངེས་པ་ཡིན།

འོ་ན་འབྱུང་ཆེན་འབྱུང་ཆུང་ཞེས་པ་གང་ཡིན་ཞེ་ན། དེ་ལ་འབྱུང་བ་ཆེན་པོ་ནི། འོད་གསལ་བའི་ཡེ་ཤེས་ཁ་དོག་ལྔ་ལྔན་དེ་ཡིན་པ་དང་། འབྱུང་ཆུང་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔ་བོ་དེ་རྣམས་ཡིན། འཁོར་འདས་ཐམས་ཅད་འབྱུང་ལྔའི་དབྱིངས་ལས་མ་གཡོས་ཤིང་། འབྱུང་ལྔ་མེད་པའི་སྔོན་དུ་འཁོར་འདས་བྱུང་བའང་མེད།

དེ་ལའང་ནང་གི་འབྱུང་བ་ལ་དྭངས་མ་དང་སྙིགས་མ་གཉིས་སུ་དབྱེ་རུ་ཡོད། སྲོག་རྩོལ་ཏིང་འཛིན་ཕྱག་རྫོགས་སྒོམ་དང་རྡོར་སེམས་བཟླས་པ་སོགས་ལ་བརྟེན་ནས་རྣམ་སྨིན་གྱི་ཕུང་བོ་སྙིགས་མ་དག་པའི་ཆ་ནས་དྭངས་མ་མངོན་དུ་གྱུར་ནས་སྒྱུ་ལུས་དང་ལྷ་སྐུར་ལྡིང་བ་སོགས་འབྱུང་རུང་ལྟར་གཙོ་བོ་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ན་དག་ཞིང་གཞན་འཚོལ་མི་དགོས་པའི་དཔེའོ།

དེ་ཡང་རྩིས་གཞུང་དུ་ཤིང་མེ་ས་ལྕགས་ཆུ།  ནང་པས་ས་ཆུ་མེ་རླུང་། མི་འགལ་ཏེ་ཤིང་གཡོ་བའི་རང་བཞིན་རླུང་དུ་བསྡུ། ལྕགས་སྲ་བའི་རང་བཞིན་སའི་ཁོངས་སུ་བསྡུ། ཞེས་བཤད། དག་པ་གསེར་གྱི་མདོ་ཐིག་ལས། རླན་བྱེད་ཆུ་ཡིས་ཕུང་བོ་བསྐྱེད། །བདུད་རྩི་ཆུ་ཡིས་ཕུང་བོ་གསོ། །ཀུན་གྲུབ་ཆུ་ཡིས་འབྲས་བུ་འཚོལ། །འདོད་བྱེད་ཆུ་ཡིས་གཏི་མུག་སྦྱོང་། ཞེས་གསུངས་བ་བཞིན་ཡིན་ལ། གོ་དོན་རྟོག་སླ་བས་ཚིག་འགྲེལ་མི་དགོས་པར་འདོད།

འབྱུང་བ་ཆུའི་ངོ་བོ་ངེས་ཚིག་དབྱེ་བ་ལ།

ཆུ་ཞེས་པའི་མིང་གི་ཐོགས་ཚུལ་ལ། འབྱུང་བ་ཆུ་ཡི་འཁོར་ལོ་ཡིས་ཐམས་ཅད་སྐྱེད་ཅིང་ཐམས་ཅད་ཆུབ་པས་ཆུ་ཟེརབ་ཡིན་ཏེ། དག་པ་གསེར་གྱི་མདོ་ཐིག་ཏུ། ཐམས་ཅད་ཆུབ་པས་ཆུ་ཞེས་བྱ། ། ཆུ་ཡིས་ཐམས་ཅད་བསྐྱེད་པས་ཆུ་ཞེས་གསུངས།

ཆུའི་མཚན་ཉིད་བཤད་པ་ལ། ཆུ་ནི་བརླན་ཞིང་གཤེར་བ། སྣུམ་པ་དང་ཞུ་བ་ཡིན། འབྱུང་བ་ཆུ་ཡིི་བྱེད་ནུས་ནི་སྡུད་པ་ཡིན། བོད་ཀྱི་སྨན་གཞུང་ལས་གསུངས་པ་བཞིན་མིའི་ལུས་ཕུང་ནི་སྡོང་བོ་དང་ཡང་འདྲ་སྟེ། སས་འཛིན། ཆུས་སྡུད། མེས་སྨིན། རླུང་གིས་རྒྱས། ཞེས་གསུངས་བ་བཞིན་ཡིན།

ཚན་རིག་པ་དབྱིན་ཇིའི་ཚན་རིག་པ་ཧེན་རེ་ཁ་ཝན་ཌེ་ཞི་[Henry Cavendish] ཡིས་སྤྱི་ལོ་ 1784 ལ་ཚོད་ལྟ་བྱས་ཏེ་ཆུ་ནི་རྫས་འགྱུར་གྱི་རྒྱུ་མ་ཡིན་ཞིང་། རླངས་གཟུགས་གཉིས་འདྲེས་ནས་བྱུང་བའི་དངོས་པོ་ཞིག་ཡིན་ར་སྤྲོད་བྱས། རྗེས་སུ་སྤྱི་ལོ་ 1811 ལ་དབྱི་ཊ་ལིའི་དངོས་ཁམས་རིག་པ་བ་ཨ་ཝོ་གཱ་དྷོར་Amadeo Avogadro ཡིས། རྫས་འགྱུར་གྱི་དབྱང་ [oxygen] གི་རྡུལ་གཅིག་དང་། ཆིང་ [hydrogen] རྡུལ་གཉིས་མཉམ་དུ་བསྲེས་ན་ཆུའི་གཤེར་གཟུཊ་གྲུབ་པས། ཆུ་ཚད་འཇལ་ལ་ H2O ཞེས་པའི་རྫས་རྟགས་འདི་གཏན་ལ་ཕབས། རྗེས་སུ་ཚན་རིག་པ་རྣམས་ཀྱིས་ཆུའི་འདུས་རྡུལ་མཚོན་ཕྲེང་དེ་ H2O རུ་གཏན་འབེབས་བྱས།

གསང་སྔགས་ཀྱི་གཞུང་དུ་འབྱུང་བའི་ཁ་དོག་བསྟན་པ། དང་པོ་འཁྲུལ་བའི་གནས་སྐབས་སུ། སེར་པོ་ས་རུ མཐོང་། དཀར་བོ་ཆུ་རུ་མཐོང་། དམར་བོ་མེ་རུ་འཁྲུལ། ལྗང་གུ་རླུང་དུ་འཁྲུལ། མཐིང་ཁ་ནམ་མཁའ་ལ་འཁྲུལ་ནས་ནང་འབྱུང་ཕྱི་འབྱུང་དུ་ཇེ་རགས་སུ་སོང་ཞིང་། མཐར་འཆི་བའི་གནས་སྐབས་སུ་ཡང་འབྱུང་བ་ལུགས་ལྡོག་ཏུ་དེ་ལྟར་སྡུད་པ་ཡིན།

ཆུའི་འབྱུང་ཁུངས་བསྟན་པ་ལ། དག་པ་གསེར་གྱི་མདོ་ཐིག་ལས། དེ་ཚེ་མེ་ཡི་ཚ་ངར་ལས། ། འབྱུང་བ་ཆུ་ཡི་འཁོར་ལོ་ཆགས། ཞེས་པ་ལྟར་དང་། ཡང་ན། །རི་རབ་གསེར་གྱི་གླིང་ཆེན་བཞི། །དེ་བཞིན་དེ་ཡི་རླན་གྱིས་བརྩས། །འགྱེལ་བ་མེད་པ་སྲ་བརྟན་ཐེག །རོལ་བའི་མཚོ་བདུན་དེ་ལྟར་ཆགས། ། ཞེས་ཆུའི་འབྱུང་ཁུངས་བསྟན་ཡོད།

བོད་ཀྱི་འབྱུང་བ་རེ་ལ་ལྷ་རེ་ཡོད་པར་འདོད་པ་བཞིན་འབྱུང་བ་ཆུ་ལ་ཡང་ལྷ་ཡོད་དེ། དག་པ་གསེར་གྱི་མདོ་ཐིག་ལས། འབྱུང་བ་ལྔ་ཡི་ལྷ་ཆེན་རྣམས། །ཞེས་དང་། ཡང་། ཆུ་ལྷའི་རྒྱལ་པོ་འཁོར་ལོ་ཅན། ཞེས་ཆུ་ལྷ་ངོས་བཟུང་ཡོད་བྱེད།

མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཏུ་ཆུའི་ལྷ་མོ་གསོ་བྱེད་མ། གསང་སྔགས་ཀྱི་ལུགས་ལ་ཆུ་མཱ་མ་ཀཱི་ཡིན་ཏེ། གསང་སྙིང་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། ཞེས་གསུངས་ཤིང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་འདོད་པ་པ་ཡིན།

སྲིད་པ་གསུམ་གྱི་བརྟན་པ་སྣོད་དག་དང་མ་དག གཡོ་བ་བཅུད་ཀྱི་སེམས་ཅན་དང་སངས་རྒྱས། ཆོས་ཡོད་དོ་ཅོག་མ་ལུས་པ་ལུས་པ་མེད་པར་དག་མཉམ་བདེན་པ་དབྱེར་མེད་ཀྱི་ངང་དུ་མི་དམིགས་པས་ན་སྐྱེ་ཁམས་དོ་སྙོམས་ཀྱི་ལྟ་བའི་མཐར་ཐུག་བསྟན་ཡོད། ཆུ་མདོག་སྔོན་པོ་དང་དབྱིབས་ཟླུམ་པོ་ཡིན་བཤད་དོ།

ནང་བཅུད་ཀྱི་སེམས་ཅན་མི་ལུས་འཚོ་ཞིང་གསོ་བར་ཆུ་ནི་མེད་དུ་མི་རུང་།

ཚན་རིག་གིས་ར་སྤྲོད་གནང་བ་ལྟར་ན་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། ཆུ་ནི་དབྱང་དབུགས་དང་འདྲ་བར་མིའི་ལུས་ཕུང་ལ་ཧ་ཅང་མཁོ་ལ་གལ་འགངས་ཆེ་བར་བཤད། མིའི་ཟས་རིགས་གཞན་པ་མ་ཟོས་ན་གཟའ་འཁོར་འགའ་ལ་འཚོ་ཐུབ་པ་དང་། ཡང་ན་ལུས་ལ་ནད་གཞི་ཕོག་ནས་ལོ་ཁ་ཤས་ལ་འཚོ་ཐུབ་པའི་སྣང་ཚུལ་ཡོད་ལ། གལ་ཏེ་ཆུ་མ་འཐུང་ན་ཉིན་བདུན་མ་གཏོགས་འཚོ་མི་ཐུབ། དཔེར་ན། མིའི་ལུས་ཕུང་གི་གྲུབ་ཆ་གཙོ་བོ་ནི་ཆུ་ཡིན་ཏེ། དར་མའི་ལུས་ཕུང་གི་བརྒྱ་ཆའི 60 -70 ཟིན་ཡོད། བྱིས་པའི་ལུས་ཕུང་གི་བརྒྱ་ཆའི80ཟིན་ཡོད། དེ་ཡང་ཞིབ་ཏུ་ཀླད་ཞོ་ལས་ཆུའི་ཚད75%དང་། ཁྲག་གཤེར་ལས་ཆུའི་ཚད83%དང་། ཤ་གནད་ལས་ཆུའི་ཚད76%ཆུ་ཡིན།

གལ་ཏེ་ལུས་ཁམས་ཀྱི་ཆུ་བཙོག་པོར་ཆགས་ན་ཆུ་ལ་བརྟེན་པའི་ལུས་ཀྱི་ཕྲ་ཕུང་ཡོད་ཚད་དུག་ཅན་དུ་གྱུར་ནས་ལུས་པོ་བདེ་ཐང་མི་ལྡན་པར་འགྱུར་སྲིད།

དཔེར་ན་ལུས་ལ་གནས་པའི་ཆུའི་རྫས་ལས1%-2%ཙམ་ཇེ་ཉུང་དུ་སོང་ན་སྐོམ་པའི་ཚོར་བ་སྐྱེས། ཡང་ན་ཆུའི་རྫས5%ཇེ་ཉུང་དུ་སོང་ན་ཁ་ལྕེ་སྐམ། སྐྱི་པགས་ལ་གཉེར་མ་ཆགས་པ་དང་དྲན་རིག་མི་གསལ་བའི་འཁྲུལ་སྣང་འབྱུང་བར་བཤད། གལ་ཏེ་མིའི་ལུས་སྟེང་གི་ཆུའི་རྫས10%ཇེ་ཉུང་དུ་སོང་ན་ལུས་ཀྱི་འབྱུང་ཁམས་འཁྲུག་ཅིང་ནད་བསྐྱེད། ཆུའི་རྫས 20%-22% ཇེ་ཉུང་དུ་སོང་ན་མིའི་ཚེ་སྲོག་འགགས་པར་འགྱུར།

མིའི་ལུས་སྟེང་ལ་དབྱང་དབུགས་ཀྱི་དགོས་མཁོ་ཨང་དང་བོ་དང་ཆུའི་དགོས་མཁོ་ཨང་གཉིས་པ་ཡིན། མི་ལུས་ལ་འཚོ་བཅུད་ཀ་བ་དང་ཁ་བ། གཏེར་རྫས་ཀྱི་རིགས་མ་འདང་བའམ། ཡང་ན། ནད་རིགས་མི་འདྲ་བ་བྱུང་རུང་ལོ་ཁ་ཤས་གསོན་ཐུབ། གལ་ཏེ་ཆུ་མེད་ན་ཉིན་ཞག་ཁ་ཤས་མ་གཏོགས་འཚོ་མི་ཐུབ། ཆུ་ནི་མིའི་ལུས་སྟེང་གི་ཕྲ་ཕུང་གསོ་བྱེད་གལ་ཆེན་ཞིག་ཡིན། དར་མའི་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆའི་ 60-70ཟིན་ཡོད། བྱིས་པའི་ལུས་པོའི་ལྗིད་ཚད་ཀྱི་བརྒྱ་ཆའི་80ཟིན། །

མིའི་སྐྱེ་ཁམས་འགུལ་སྐྱོད་སྣ་ཚོགས་ལ་ཆུ་ཧ་ཅང་མཁོ་དེ། དཔེར་ན། ཆུས་འཚོ་བཅུད་ཀྱི་ཟ་མའི་རིགས་གཤེར་གཟུགས་སུ་བཏང་ནས་འཚོ་བཅུད་སྡུད་ལེན་བྱེད་པ་དང་། ཆུ་ཁྲག་རྩ་དང་ཕྲ་ཕུང་གི་བར་དུ་མཚམས་མ་ཆད་པར་བཞུར་ནས་སྐྱེལ་འདྲེན་བྱེད་བཞིན་དུ། ལུས་ཀྱི་ཕྲ་ཕུང་གསོ་བ་དང་སྙིགས་མ་ཕྱི་རོལ་དུ་འདོར་བའི་བྱེད་ནུས་འདོན།

ཆུས་དྲོད་ཚད་སྙོམས་སྒྲིག་སྟེང་ནུས་པ་ངེས་ཅན་འདོན་ཤིང་། མིའི་དབུགས་འབྱིན་པ་དང་རྔུལ་ཆུ་ཕྱིར་འབྱིན་པའི་སྐབས་ཚང་མ་ཆུ་ཡིན་པ་སྨོས་མ་དགོས། དཔེར་ན། ཚ་བ་ཆེ་བའི་དུས་ཚིགས་དང་། དྲོད་ཚད་མཐོ་བའི་ཁོར་ཡུག་ཏུ་ལུས་ཕུང་ནས་རྔུལ་ཆུ་འབྱིན་པ་ན་ལུས་པོའི་དྲོད་ཚད་ཇེ་དམའ་རུའགྲོ།

ཆུ་ནི་མིའི་ལུས་སྟེང་གི་འཇམ་འདྲེད་བྱེད་རྫས་ཞིག་ཡིན་ཏེ། དེས་མིའི་ངོ་མདངས་ཇེ་ཡག་ཏུ་གཏོང་ཐུབ་ལ ། ཆུ་མེད་ན་ངོ་མདངས་སྐྱ་བོར་འགྱུར་བ་དང་། རྒས་ཁ་ཡང་ཧ་ཅང་སླ། ཆུ་ནི་འཛམ་བུའི་གླིང་གི་རིན་ཐང་ཆེས་ཆུང་བའི་གསོ་བྱེད་ཀྱི་སྨན་ཆེས་བཟང་བོ་ཞིག་ཡིན་ལ། དེ་ནི་གཙོ་བོ་ཆུའི་ནང་དུ་མིའི་ལུས་ཕུང་ལ་ཕན་པའི་རྫས་ཡོད། ཆམ་པ་འཕོག་པ་དང་། ཚ་རྒྱག་པའི་སྐབས་སུ། ཆུ་ཁོལ་མང་བ་འཐུང་ན་ནད་སེལ་ཐུབ་ལ། ཚ་རྒྱག་པའི་མགོ་སྙོམས་ཐུབ། ད་དུང་ཁྲག་ནང་གི་སྲིན་འབུའི་རིགས་ལས་གྲུབ་པའི་དུག་གི་རིགས་ཀྱང་སེལ་ཐུབ། དེ་དང་ཆབས་ཅིག་གཅིན་གཏོང་རྒྱུ་མང་བ་དེས་དུག་རིགས་སེལ་ཐུབ་པར་ཕན་པ་ཡོད། མ་གཉིད་གོང་གི་སྔོན་དུ་ཆུ་ཇ་ཕོར་གང་འཐུང་ན་ངོ་མདངས་ཇེ་ཡག་ཏུ་གཏོང་ཐུབ་ལ། དེས་འབྲས་བུ་ཧ་ཅང་བཟང་། གཉིད་སེལ་པའི་རྗེས་སུ་ཆུ་ཚང་མ་ཤ་གསེང་དུ་འཐིམས་ནས་ཆུ་སྡུད་ལེན་བྱས་པས་ངོ་མདངས་ལ་སྣུམ་རྒྱུགས་པ་ཡིན། འདི་ནི་མི་ཙམ་ལ་པན་པའི་ཆུའི་ནུས་པ་ཁག་ཅིག་ཙམ་རེད།

མི་ལུས་ཐོག་མར་ཆུའི་ཁམས་ལ་བརྟེན་ནས་ཆགས་པ།

གསང་སྙིང་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། ། ཞེས་ས་སྤྱན་མ་དང་ཆུ་མཱ་མ་ཀི ཆུའི་ཁམས་ལ་བརྟེན་ནས་སའི་ཁམས་ཆགས་པས་ན། འདིར་སྤྱན་ཞེས་པ་ལྟ་བྱེད་ཀྱི་མིག་ལ་གསུང་བ་མིན་པར་ལུས་ཐོག་མར་ཆགས་ཚེ་ཆུའི་ཁམས་ལ་བརྟེན་ནས་སྔོན་དུ་ཆགས་པའི་སྐྱེད་བྱེད་ཀྱི་རྩ་ཡི་མདུད་པའི་ནང་དུ་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་ཆགས་པ་ལ་གོ་དགོས། འབྱུང་བའི་སྤྱན་ལས་འབྱུང་བཞིའི་ལུས་གྲུབ་ཅིང་སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་མཐོང་བྱེད་དམ་དོན་དམ་མྱང་འདས་ཀྱི་གཞི་རུ་རྒྱང་ཞག་ཆུའི་སྒྲོན་མ་ཆགས། དེ་ལྟ་བུའི་ལམ་དེ་གཉིས་ཀའི་སྒྲུབ་གཞིའམ་མཐོང་བྱེད་ཡིན་པས་སྤྱན་གཉིས་ཀྱི་ཐ་སྙད་སྦྱར་ནས་གསུངས།

བོན་གྱི་རིག་གཞུང་དུ། ཚེ་སྲོག་ཐམས་ཅད་ཀྱང་འབྱུང་བ་ལྔ་ལས་མ་བྱུང་བ་གཅིག་ཀྱང་མི་སྲིད་པར་འདོད་དེ། བོན་ཀྱི་མཛོད་འགྲེལ་ལས། འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ། ཞེས་པ་དང་། སྐྱེ་འགྲོ་སེམས་ཅན་སྲོག་དང་དབུགས་ཀྱིས་བསྡུས་པ་རྣམས། “དྲོད་མེའི་མདངས་ལས་སྤྲུལ། ཁྲག་ཆུའི་བག་ལས་སྤྲུལ། ཤ་སའི་རྟེན་ལས་སྤྲུལ་པའོ།” ཞེས་གསུངས་བ་བཞིན་མིའི་ལུས་རྟེན་ཐོབ་པར་ཆུ་མེད་དུ་མི་རུང་།

བོད་ཀྱི་སྨན་གཞུང་དུ། སྨན་གྱི་ཐོག་མ་ཆུ་ཁོལ་ཡིན་པར་བསྟན་པ་ཅིང་། ནད་ཀྱི་ཐོག་མ་མ་ཞི་བ། །སྨན་གྱི་ཐོག་མ་ཆུ་ཁོལ། །ཞེས་ཆུ་ཁོལ་ནི་བོད་སྨན་གྱི་ཐོག་མ་ཡིན་པར་བསྟན་པ་དང་། ཆུ་ནི་མི་རྣམས་ཀྱི་འཚོ་བར་མེད་དུ་མི་རུང་བས་ཉིན་རེར་སྐོམ་བསྟེན་དགོས་པར་མ་ཟད། ཆུའི་བཏུང་ཚད་འདང་ངེས་སུ་མ་བསྟེན་ན་མིའི་ལུས་ཟུངས་ལ་གནོད་པ་ཤིན་ཏུ་ཆེ་བས། རང་ཉིད་ཀྱི་ལུས་ཀྱི་དགོས་མཁོ་ལྟར་ལོངས་སུ་སྤྱད་ན་ལུས་ཀྱི་སྲིན་འབུ་དར་ཞིང་རྒྱས་པས་ལུས་ཕུང་སྟོབས་དང་ལྡན་པར་འདོད།

ཡང་བཤད་ཚུལ་གཞན་ཞིག་ནི། ཆུས་ཕན་ཙམ་ཞིག་སྨན་གྱིས་མི་ཕན་ལ། །ཆུས་གནོད་ཙམ་ཞིག་དུག་གིས་ཀྱང་ག་ལ་གནོད། ཅེས་པ་སོགས་སྔོན་བྱོན་གྱི་གསོ་བྱེད་མཁས་དབང་མང་པོས་ཆུ་ཡི་རིགས་ཀྱི་ཕན་གནོད་ཐད་ལ་དེང་དུས་ཚན་རིག་ལས་ཀྱང་ལྷག་པའི་ཞིབ་འཇུག་དང་དོ་སྣང་མཛད་འདུག་པས་ང་ཚོ་ཕྱི་རབས་པས་ཤེས་ནས་དད་པ་དང་བཀའ་དྲིན་དྲན་འོས་པར་བསམས།

བོད་ཀྱི་རིག་གཞུང་ལས་ཆུའི་ཁྱད་ཆོས་བཤད་པ།

ཆུ་ཡན་ལག་བརྒྱད་ལྡན་ནི་ ༡ བསིལ་བ། ༢ ཞིམ་པ། ༣ ཡང་བ། ༤ འཇམ་པ། ༥དྭངས་པ། ༦དྲི་མ་མེད་པ། ༧ལྟོ་ལ་མི་གནོད་པ། ༨མགྲིན་པ་ལ་མི་གནོད་པའི་ཆུ་ཡིན།

ཆུ་ལུམས་ནི་ཚ་གྲང་གཉིས་ཀྱི་ནད་བཅོས་ཐབས། དེ་ལས་གྲང་ནད་བཅོ་ཐབས་ལ་ཆུ་ཚན་རིགས་ལྔ་སྟེ།  ༡རྡོ་སོལ་དང་འདྲེས་པའི་ཆུ། ༢རྡོ་སོལ་དང་ཅོང་ཞི་འདྲེས་པའི་ཆུ། ༣རྡོ་སོལ་དང་། ཅོང་ཞི། མུ་ཟི་འདྲེས་པའི་ཆུ། ༤རྡོ་སོལ་དང་། ཅོང་ཞི། མུ་ཟི། བྲག་ཞུན་འདྲེས་པའི་ཆུ། ༥རྡོ་སོལ་དང་། ཅོང་ཞི། མུ་ཟི། བྲག་ཞུན། ལྡོང་རོས་འདྲེས་པའི་ཆུ་བཅས་ལྔ་ཡོད།

ཆུ་ཚན་རིང་བསྲེལ་ནི་ཆུ་ཚན་ལས་བྱུང་བའི་དབང་རིལ་འོད་ཟེར་འཕྲོ་བ་ཞིག་ཡོད་ཅིང་ནུས་པས་གདོན་ནད་ཐམས་ཅད་སེལ་ཐུབ་པའི་རིན་པོ་ཆེ་ཞིག་ཡིན་པ་བཤད།

ཆུའི་རིགས་དབྱེ་བ།
ཆུ་ལ་དབྱེ་ན་ཆར་ཆུ་དང་། གངས་ཆུ། ཀླུང་ཆུ། ཆུ་མིག ཁྲོན་ཆུ། བ་ཚྭའི་ཆུ། ཤིང་ནགས་ཀྱི་ཆུ་བཅས་རིགས་བདུན་ཡོད། རྒྱུད་ལས། ཆུ་རིགས་འདི་དག་ལ་མཆོག་དམན་དབྱེ་ཡོད་དེ། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་གསུངས་པ་ལྟར་ཡིན། ཆུ་ཡི་རིགས་དེ་དག་གི་ཕན་གནོད་ཀྱི་ཁྱད་པར་ཤེས་པར་བྱ་བར་ཧ་ཅང་གལ་ཆེ་བ་ཡིན་པས། ཡན་ལག་བརྒྱད་པ་ཆེན་པོ་ལས། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག །ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དག་པ་ཡི། །ཆུ་ནི་གང་དུའང་ལྡོག་པ་མེད། །ཅེས་གསུང་ཡོད།

ཆུའི་ཕན་གནོད།
ཆར་ཆུ་ནི་རྒྱ་མཚོའི་རླངས་པ་མཁའ་ལ་སྤྲིན་དུ་ཆགས་པ་ལས་ཐད་ཀར་ནམ་མཁའ་ནས་མར་བབས་པ། མི་གཙང་བ་སོགས་ཉེས་པའི་སྐྱོན་གང་གིས་ཀྱང་མ་སྦགས་པས་རབ་ཡིན་པར་བཤད་ལ། ལྷག་ཏུ་རིན་ཆེན་གྱི་སྨན་གྱི་རིགས་བསྟེན་སྐབས་སྨན་ཁོང་དུ་བཏང་བྱེད་ཀྱི་སྨན་ཆུ་ལ་ཆར་ཆུ་དེ་ལོན་ན་མཆོག་ཏུ་གྱུར་པ་ཡིན་ཞིང་དེས་ཕོ་བའི་མེ་དྲོད་ལ་མི་གནོད་པ་མ་ཟད་བླ་གཉན་གྱི་ནད་གཞན་མི་སྐྱེད་པས་བཟང་ངོ་ཞེས་ཀུན་བཟང་རང་གྲོལ་ལགས་ཀྱི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ་དུ་གསལ་ལ། ཆར་ཆུ་དེ་ཡང་དུས་སུ་འབབ་པ་མ་ཡིན་ན་བསྟེན་མི་རུང་བར་བཤད་ཅིང་། རོ་མི་གསལ་ལ་ཞིམ་ཞིང་ཡིད་ངོམས་པ་དང་། བསིལ་ལ་ཡང་བས་བདུད་རྩི་དང་འདྲ་བར་བཤད།།

གངས་ཆུ་ནི་རྡོ་བྲག་ལ་སོགས་པ་ཀུན་ལ་བརྡབས་ནས་ཕུ་ཐག་རིང་བོ་བརྒྱུད་དེ་བཞུར་བ་དང་། ཉི་ཟླ་སོགས་ཀྱི་འོད་ཕོག་པ་བཅས་ཀྱི་དགེ་མཚན་ལྡན་པས་ཤིན་ཏུ་བཟང་། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མི་ཡིས་ཐུབ་པ་དཀའ། །བརྟན་གཡུག་སྲིན་བུ་རྐང་འབམ་སྙིང་ནད་བསྐྱེད། །ཅེས་པ་ལྟར་གངས་ཆུ་དེ་ཤིན་ཏུ་དྭངས་ཤིང་དྲི་མ་བྲལ་བས་བཟང་མོད། ཕོ་བའི་མེ་དྲོད་ཀྱིས་མ་ཐུབ་ནད་བསྐྱེད་པའི་ཉེས་པ་ཡོད་པར་འདོད། སྐོམ་དད་ཆེ་ཞིང་ཚ་དྲོད་རྒྱས་པ། ཁྲག་དང་མཁྲིས་པ་འཕེལ་བ། སྐྱུག་པ་དང་དུག་ནད། ཆང་ནད། མགོ་ཡུ་འཁོར་བ། ལུས་ངལ་བ། དྲན་མེད་དུ་བརྒྱལ་བ། སྣ་ཁྲག་འཛག་པ་བཅས་ལ་ཕན། འོན་ཀྱང་། རབ་ཏུ་བསིལ་བས་རྒས་པ་དང་། ཟུངས་ཟད། ཕོ་བའི་མེ་དྲོད་ཞན་པ་རྣམས་ཀྱིས་ཐུབ་དཀའ་བ་དང་། ཡང་བའི་ཡོན་ཏན་ལྡན་པའི་དབང་གིས་ལྟོ་བའི་སྲིན་འབུ་དང་། རྐང་འབམ་གྱི་ནད། སྙིང་ནད་སོགས་བསྐྱེད་བའི་ཉེས་པ་ཡོད་པར་འདོད།

ཀླུང་ཆུའམ་ཆུ་ཀློང་གི་ཆུ་ནི་ས་གཙང་སར་ཉི་འོད་ཕོག་པ་བཟང་ཞིང་། འདམ་རྫབ་དང་ཉ་ལྕིབས་རྩ་ལོ་དང་ཤིང་གྲིབ་ཕོག་པ་དང་། བ་ཚྭ་དང་ཉ་སྦལ་དང་ཆུ་སྲིན་སོགས་སྲོག་ཆགས་མང་དུ་གནས་པའི་ཆུས་ཉེས་པ་ཀུན་བསྐྱེད་པར་བཤད་ལ། གོང་གི་གངས་ཆུ་དང་ཆུ་ཀླུང་གི་ཆུ་ཡང་ཤུགས་ཀྱིས་འགྲོ་བ་མ་ཡིན་པ་དལ་གྱིས་འབབ་པའི་ཆུ་ལ་བརྟན་གཡུང་གི་ཆུ་ཞེས་བྱ་བས་བསྟེན་པའི་གནས་མ་ཡིན་ལ་རྒྱུད་ལས། བརྟན་གཡུང་སྲིན་བུ་རྐང་འབམ་སྙིང་ནད་བསྐྱེད། །ཅེས་པ་ལྟར་ཆུའི་ནང་དུ་སྲིན་འབུ་དང་སྲོག་ཆགས་ཀྱི་གཅིན་སྐྱག་བཏང་ཡོད་པ་དང་། ཉི་མའི་འོད་མ་ཕོག་པ་རྩྭ་དང་ལོ་མས་ཆུའི་ཁར་ཁྱབ་པའི་ཆུའི་རིགས་དམན་པ་བསྟེན་ན་ཉེས་པ་ཀུན་བསྐྱེད་ལ་ལུས་ཁམས་མི་བདེ་བ་འབྱུང་བས་ན། བཏུང་བའམ་སྨན་ཆུ་སོགས་གང་ཡང་བསྟེན་བྱའི་རིགས་མ་ཡིན་པར་ཤེས་པར་བྱའོ།

ཆུ་མིག་གི་ཆུ་ནི་ས་འོག་ནས་རང་བྱུང་དུ་ས་ཁར་བརྡོལ་བའི་ཆུ་ལ་བྱ་བ་ཡིན་པས་ཡུལ་སྐད་དུ་ཆུ་མགོ་ཞེས་ཟེར་ལ། དེ་ཡང་ཆུ་ཡི་འབྱུང་ཁུངས་ཡང་ནུབ་ཕྱོགས་ནས་འབབ་ཅིང་ཉི་འོད་དང་རླུང་གཙང་མས་ཕོག་པ་དག་བཟང་ལ། རྒྱུད་ལས། ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང་། །ཞེས་སོ། །

ཁྲོན་པའི་ཆུ་ནི་ས་འོག་གཏིང་རིང་ནས་བྱུང་བས་ཆུ་གཙང་དུ་འདོད། ཁྲོན་པའི་ཆུ་ནི་ཆུ་རབ་འབྲིང་ཐ་གསུམ་ལས་ཆུ་འབྲིང་བོ་ཡིན་ཞིང་མིས་བསྟེན་དུ་རུང་ཡང་སྲོག་ཆགས་ཀྱི་དྲི་དང་འབུ་སྲིན་སོགས་ཡོད་མེད་ལ་བརྟག་སྟེ་བསྟེན་ན་ལེགས།

རྒྱ་མཚོ་ལྟ་བུའི་ཆུ་ནི་བ་ཚྭའི་ཆུ་ཡིན་པས་བསྟེན་དུ་མི་རུང་བ་ཡིན་ཏེ་དེའི་ནང་དུ་སྲོག་ཆགས་མང་པོ་འཚོ་གནས་བྱས་པས། འདམ་རྫབ་ཉ་ལྕིབས་རྩྭ་ལོ་ཤིང་གྲིབ་ཕོག །  བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད།། ཅེས་པ་ལྟར་རོ། ། བ་ཚྭ་ཅན་གྱི་ཆུ་ནི་བུལ་ཏོག་འདྲ་ལ་ཚྭའི་བྲོ་བ་དང་ལྡན་པའི་ཆུ་ནི་བསྟེན་མི་རུང་སྟེ་བ་ཚྭ་ཅན་དང་ཧྥི་ཞེས་པ་འདྲེས་ཡོད་པའི་ཆུས་ལྦ་བ་སྐྱེ་བ་ཡིན་ལ། གལ་ཏེ་དེ་རིགས་མ་བསྟེན་པར་ཆུ་གཙང་མ་མིན་ན་སྙིགས་མ་གཙང་སེལ་བྱས་མཐར་སུམ་ཆའི་ཕྱེད་ཀྱི་ལྦུ་བ་མེད་པར་བསྐོལ་ཏེ་བཏུང་དགོས།

བ་ཚྭ་ཤིང་གི་ཆུ་ནི་ཤིང་ལས་བྱུང་བའི་ཆུའམ་ཤིང་ནགས་ཀྱི་ཚལ་མཐུག་པོ་ཡོད་ས་ནས་བྱུང་བའི་ཆུ་ལ་གོ་དགོས་པས། རྒྱུད་བཞི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན་ལས། ཤིང་གི་ཆུ་ནི་ནགས་ཆེན་པོ་ལས་འབབ་པ། ཞེས་གསུང་པ་དང་། ཆུའི་རིམ་པ་འོག་མ་དམན་པ་ཡིན་པས་དེ་དག་བསྟེན་པར་མི་བྱ། ནགས་ཚལ་ལས་བྱུང་བའི་བ་ཚྭ་ཅན་གྱི་ཆུ་ནི་ཆུའི་ཐ་མ་ཡིན་ལ། གལ་ཏེ། དེ་རིགས་བསྟེན་པར་སྙིགས་མ་གཙང་སེལ་བྱས་ནས་བསྐོལ་ཏེ་འཐུང་བར་གདམས།

གོང་གི་ཆུ་རབ་གངས་དང་རྫ་ལས་བྱུང་བའི་ཆུ་ལ་ཡང་ཉེ་འཁོར་འབྲོག་པའི་ནོར་ཕྱུགས་དང་ཁྱི་ལྡོམ་སོགས་ཁོར་ཡུག་གཙང་སྦྲ་མི་ལྡན་པའི་དབང་གིས་ད་ལྟའི་བོད་ཀྱི་འབྲོག་ཁུལ་དུ་མང་བའི་མཆིན་འབུའི་ནད་དམ་ཐུམ་འབུའི་ནད་འབྱུང་སླ་བས་གཟབ་པར་འཚལ། འདམ་རྫབ་དང་ཉ་ལྕིབས་ཀྱིས་ཆུ་རྙོགས་པ་དང་། སྲོག་ཆགས་ཏེ་འབུ་སྲིན་མང་བ་དང་། ཕྱུགས་ལྷས་ཀྱི་ལུད་རྫིང་སོགས་འདྲེན་པ། རྩྭ་ལོ་ཤིང་གྲིབ་སོགས་ཀྱིས་ཉི་མའི་འོད་བསྒྲིབས་པར་བྱས་པའི་ཆུ་ཡིན་ན། སྲོག་ཆགས་ཁུ་བས་ཉེས་ཀུན་བསྐྱེད། ཅེས་པ་ལྟར་རླུང་མཁྲིས་བད་ཀན་སོགས་ཉེས་པ་ཀུན་བསྐྱེད་པར་བྱེད་པ་ཡིན།

ཆུ་ཁོལ་ནི།
ཆུ་ཁོལ་ཡན་ལག་བརྒྱད་ལྡན་པས། །རླུང་གནོན་བད་ཀན་འབྱིན་པར་བྱེད། །མེ་དྲོད་སྐྱེད་བྱེད་དྭངས་སྙིགས་འབྱེད། །སྐོམ་སེལ་བསྐོལ་གྲང་ཉེས་གསུམ་སེལ། །ཞེས་སྨན་གཞུང་དུ་གསུང་བ་དང་། ཆུ་ཁོལ་གྱི་ཡོན་ཏན་ནི། ཆུ་སྐོལ་ཟས་འཇུ་དྲོད་བསྐྱེད་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་བཟློག་པར་བྱེད། །ཅེས་པ་ལྟར་ཕོ་བའི་མེ་དྲོད་བསྐྱེད་ཅིང་ཟས་འཇུ་བ་དང་། བད་ཀན་གྱི་ནད་དང་སྐྱིགས་བུ། ལྟོ་བ་སྦོས་པ། དབུགས་མི་བདེ་བ། ཆམ་རིམས་ཀྱི་ནད་བཅས་ལ་ཕན་ནོ། །གཞུང་ལས་མཁྲིས་པ་སེལ། ཞེས་པ་ལྟར་ཆུ་ཁོལ་ཚན་དེས་རླུང་སྣ་གནོན་ཞིང་ཁྱད་པར་དུ་བད་ཀན་ལ་ཕན་པ་དང་། ཆུ་ཁོལ་གྲང་མོས་བད་ཀན་ལ་མི་གནོད་པར་མཁྲིས་པ་སེལ་བའི་དགེ་མཚན་ལྡན།

ཆུ་ཁོལ་གྱི་སྐྱོན་ནི།
ཆུ་ཁོལ་བསྐོལ་ཏེ་ཞག་གཅིག་གི་ཡུན་ལོན་ན་བཏུང་བར་བྱ་མི་རུང་། ཞག་གཅིག་ལོན་ན་དུག་འདྲ་ཉེས་གསུམ་བསྐྱེད་ཅེས་པ་ལྟར་དང་། ཆུ་ཁོལ་དེ་ཉིན་གཅིག་གི་ཡུན་བརྒལ་བའམ། མ་ཁོལ་བར་དྲོས་ཙམ་དུ་ལུས་པ་སོགས་ནི་དུག་ཆུ་ལ་གཏོགས་པ་ཡིན་ནོ་ཞེས་ཉེས་པ་རྣམས་བསྐྱེད་པས་སྤྱད་པར་བྱ་མི་རུང་ངོ་། །ཆུ་ཁོལ་ཡང་ཡང་གདུས་པ་འཐུང་མི་རུང་བས་གཟབ་པར་འཚལ།

གཞན་ཡང་རང་བྱུང་ཆུ་ཚན་ནི་གཏེར་རྡོའི་ནུས་པར་ལྟོས་ནས་ཆུ་ཚན་རིགས་ལྔ་དང་དེ་དག་ལ་ཕན་ནུས་མི་འདྲ་བ་མང་དུ་གསུངས་ཤིང་རྒྱུད་འགྲེལ་བཻ་སྔོན་དང་མེས་ཞལ་སོགས་སུ་ཞིབ་འགྲེལ་གནང་ཡོད། ཡང་ཚན་རིག་གིས་ཆུ་མ་བསྐོལ་བར་གྲང་མོ་འཐུངས་ན་ནད་འབུ་འགོས་ཁྱབ་ཡོང་བ་སོགས་གནོད་པའི་ཕྱོགས་ལས་ཆུ་འཁྱག་འཐུང་བའི་དགེ་མཚན་བསྟན་མེད་མོད་། ཡང་ཆུ་ཁོལ་གྱི་ཕན་ཡོན་བརྗོད་ཡོད་པ་ལས་ཉེས་ཤིང་ཞག་ལོན་པའི་ཆུ་ཁོལ་གནོད་པའི་ཕྱོགས་བསྟན་མེད། ཅེས་བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་དུ་གསལ་བ་བཞིན་ཡིན།

ཕྱི་སྣོད་འཇིག་རྟེན་ཆགས་འཇིག་ལ་ཆུ་གལ་གནད་ཆེ་ཚུལ། 

ཚན་རིག་གིས་འཇིག་རྟེན་ཆགས་པའི་མགོ་རྩོམ་དུས་བར་སྣང་སྟོང་ཁམས་ལ་རླངས་པའི་སྤྲིན་པ་དེ་འདྲ་འདུས་ནས་ཉི་མའི་དཀྱིལ་འཁོར་ཆགས་པར་བཤད། ནང་པས་ཕྱི་སྣོད་འཇིག་རྟེན་རླུང་གི་དཀྱིལ་འཁོར་ལ་ཆུ་ཆགས་པ་དང་དེ་ཉིད་འཇིག་པ་ལ་མེ་བདུན་དང་ཆུ་གཅིག་གིས་འཇིག་པར་བཤད། ཆུ་མེད་ན་ཚེ་སྲོག་མེད་ལ་སྐྱེ་དངོས་སྣ་ཚོགས་དང་མིའི་རིགས་ཀྱང་མེད། ཆུ་མེད་ན་བཟོ་ལས་དང་ཞིང་ལས། དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་ཀྱང་མེད། ཆུ་ནི་ཞིང་ལས་ཀྱི་ཚེ་སྲོག་དང་བཟོ་ལས་ཀྱི་ཁྲག་རྒྱུན་ཡིན། ཆུ་དང་རིག་གནས་འཚོ་བ་གཉིས་ཀྱི་འབྲེལ་བ་དམ་ཅིང་ཟབ་ཏུ་སྦྲེལ་ཡོད།

དེང་རབས་པས་འབྱུང་བ་ཆུས་གནམ་གཤིས་ལ་ཐེབས་པའི་ཤུགས་རྐྱེན་བཤད་པ་ལ། ཆུས་གནམ་གཤིས་སྙོམས་སྒྲིག་གི་ནུས་པ་ཐོན་ཐུབ་ཅིང་། རླུང་ཁམས་ཆེན་པོ་ཁྲོད་ཀྱི་ཆུའི་རླངས་པས་སའི་གོ་ལའི་ལྡོག་འཕྲོའི་ཚད་ཀྱི་བརྒྱ་ཆའི་ ༦༠ འགོག་ཐུབ་པ་དང་། སའི་གོ་ལའི་གྲང་ངར་ལའང་སྲུང་སྐྱོབ་བྱེད་ཐུབ། རྒྱ་མཚོ་དང་སྐམ་སའི་ཆུ་གཟུགས་ཀྱིས་དབྱར་ཁའི་ཚ་དྲོད་ཀྱི་ཚད་སྡུད་ལེན་དང་གསོག་འཇོག་བྱས་ཏེ་དྲོད་ཚད་ཧ་ཅང་མཐོ་རུ་མི་འཇུག་པ་དང་། དགུན་ཁའི་དུས་སུ་དལ་མོའི་ངང་དྲོད་ཚད་གཏོང་བ་དང་། དྲོད་ཚད་ཧ་ཅང་དམའ་རུ་ཡང་མི་འཇུག

རྒྱ་མཚོ་དང་ས་གཞིའི་སྟེང་གི་ཆུའི་རླངས་པ་ནམ་མཁར་འཕྱུར་ཏེ་སྤྲིན་གྲུབ་པ་དང་། སྤྲིན་གྱི་ནང་གི་ཆུ་ཟེགས་པས་ཆར་དུ་གྱུར། དགུན་ཁ་ཁ་བའི་རང་བཞིན་དུ་གྱུར། ས་ཐོག་ལ་ཟེགས་པ་ས་འོག་ཏུ་འཐིམས་ནས་ས་འོག་གི་ཆུ་རུ་གྱུར། ས་འོག་གི་ཆུ་ཡང་ས་སྲུབས་ནས་ཕྱིར་ཡོང་ཏེ་ད་གཟོད་གཏེར་ཆུ་རུ་གྲུབ། དེའང་ཆུ་ཕྲན་དང་གཙང་ཆུ་བརྒྱུད་ནས་རྒྱ་མཚོ་ཆེན་པོར་བབས་ནས་ཆུའི་མ་ལག་གྲུབ་པ་རེད།

འབྱུང་བ་ཆུས་ས་རྒྱུས་ལ་ཐེབས་པའི་ཤུགས་རྐྱེན་ཡང་། སའི་གོ་ལའི་ས་ངོས་ཀྱི་བརྒྱ་ཆའི་ ༧༡ ཆུས་ཁེབས་ཡོད། བར་སྣང་ནས་གཟིགས་ན་སའི་གོ་ལ་ནི་ལྗང་མདོག་གི་གོ་ལ་ཞིག་ཡིན། ཆུ་བྲག་རི་དང་ས་བབས་སུ་ཟིམ་འཛུལ་དང་བཞུར་ཆུས་རླབས་ཤུགས་ཀྱིས་བྱེ་ཟེགས་དང་། འཇིམ་པ་སྐྱེལ་འདྲེན་གྱིས་བདེ་ཐང་བྱས་པ་དང་། ས་བབས་ཀྱི་རྣམ་པ་འདྲ་མི་འདྲ་བཟོས་པ་ཡིན། སའི་གོ་ལའི་ས་རིམ་གྱི་ཆུ་གཟུགས་ཀྱི་གྲུབ་ཆ་ནི་ཆུ་འཁྱིལ་ཡིན། འདི་ལས་ཆུས་ས་རྒྱུས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་མིན་ཤེས་སླ།

དེང་རབས་མིའི་རིགས་ལ་འཐུང་ཆུ་དཀོན་པའི་དཀའ་ངལ།

ཉེ་བའི་ལོ་བཅུ་ཕྲག་ནང་། འཛམ་གླིང་ཡོངས་སུ་མི་འབོར་འཕར་བ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོང་བ། དེ་བཞིན་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་བཅས་ཀྱིས་རྐྱེན་པས་མིའི་རིགས་ཀྱི་ཚྭ་མེད་ཆུའི་དགོས་མཁོ་དེས་ཉིན་རེ་བཞིན་ཆེ་རུ་ཐོན་བཞིན་ཡོད། དེ་དང་དུས་མཚུངས། མིའི་རིགས་ཀྱིས་ཆུར་འབག་བཙོག་བཟོས་པའི་རྐྱེན་གྱིས་རྩ་ཆེན་ཆུའི་ཐོན་ཁུངས་མང་པོ་ཞིག་བེད་སྤྱོད་མི་རུང་བས་ཆུའི་ཐོན་ཁུངས་མི་འདང་བའི་གནས་ཚུལ་དེ་བས་ཛ་དྲག་ཏུ་སོང་ཙང་། འདི་ནི་དུས་རབས་ 21 པའི་གནད་དོན་གལ་ཆེན་ཞིག་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་ 47 པའི་སྟེང་གྲོས་ཆོད་ཨང་193པར་གྲོས་མཐུན་བྱུང་སྟེ། 1933 ལོ་ནས་བཟུང་། ལོ་རེའི་ཟླ་ 3 པའི་ཚེས་ 22 ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོ་ཞེས་པར་གཏན་འབེབས་བྱས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རང་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་ཏེ། ཉིན་དེར་བྱེ་བྲག་གི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས་པའི་གྲོས་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ལྷན་ཁང་[IPCC]གི་འགན་འཛིན་ཕཱ་ཆའོ་ལི་[Rajendra Pachauri] ཡིས། ཆུའི་ཐོན་ཁུངས་དཀོན་པ་ལས་ས་གནས་དང་རྒྱལ་ཁབ་སོ་སོའི་བར་འཁྲུག་རྩོད་འབྱུང་སྲིད་པ་དང་། འཛམ་གླིང་ཡོངས་ཀྱིས་རྒྱལ་ཁབ་མང་བོར་ནམ་ཟླའི་འགྱུར་ལྡོག་གི་དབང་གིས་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་བྱུང་ཡོད་པར་ངེས་ཤེས་གསལ་བོ་བྱུང་མེད་པར་བཤད་ཡོད།

IPCC ལྷན་ཁང་གི་ཚོད་དཔག་སྙན་ཞུ་གསར་བ་ལྟར་ན། དུས་རབས་ཉེར་གཅིག་པའི་མཇུག་ཏུ། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཐིག་ཚེག་གསུམ་ནས་བཞི་ཚེག་བརྒྱད་ཀྱིས་ཇེ་མཐོར་འགྲོ་སྲིད་ཟེར།

འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་སོང་བ་ལས་ཐལ་དྲགས་པའི་ནམ་ཟླ་འབྱུང་སྲིད་པ་དང་། ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་སྣང་ཚུལ་བྱུང་ནས། ཞིང་ཞོར་ཐོན་རྫས་དང་། ཟས་རིགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཐན་སྐྱོན་འབྱུང་སྲིད་ལ། རྒྱ་གར་ལྟ་བུའི་རྒྱལ་ཁབ་སོགས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་པར་བཤད།

ཀྲུང་གོ་ནི་ཆུའི་ཐོན་ཁུངས་ཞན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་བསྡུར་ན། རང་རྒྱལ་གྱི་ཆུའི་ཐོན་ཁུངས་སྤྱི་འབོར་དེ་པར་ཙིར་དང་། ཨུ་རུ་སུ། ཨ་མེ་རི་ཁ། ཧིན་རྡུ་ཉི་ཞི་ཡ་བཅས་ལས་ཉུང་བས་འཛམ་གླིང་གི་ཨང་དྲུག་པར་སླེབས་ཡོད། གལ་ཏེ་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བརྩིས་ན། འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ 1/4ལས་སླེབས་ཀྱི་མེད་ལ་འཛམ་གླིང་གི་ཨང་བརྒྱ་དང་བཅུའི་རྗེས་སུ་ཡིན། ཆུ་མི་འདང་བའི་གནས་ཚུལ་དེ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཡོད་པས། ཀྲུང་གོས་ལས་གཞི་ཆེན་པོ་ལྷོ་ཆུ་བྱང་འདྲེན་གྱི་མགོ་བཙུགས་ནས་ལས་རིམ་དང་པོ་ལེགས་འགྲུབ་བྱུང་ཡོད། དེ་ནི་དོན་དངོས་སུ་བོད་ཀྱི་ཆུ་རྒྱ་ཡུལ་པེ་ཅིན་དང་ཧའོ་པེ། ཞིན་ཅང་སོགས་ལ་དྲངས་པ་དེ་རེད། དེས་ཧྭ་བྱང་དང་བྱང་ཤར་གྱི་ནུབ་ཁུལ་ཀྱི་ཆུའོི་དཀའ་ངལ་སེལ་ཡོད།

ཆུང་དུས་སུ་ཕ་ཡུལ་ནས་ཆུ་སྐྱོག་ལས་ལག་པར་གཟར་ནས་ཆུ་ཉུང་ངུས་ཁ་ལག་བཀྲུ་བའི་སྲོལ་ཡོད་ལ། ཕྱིས་སུ་སློབ་གྲྭ་འགྲིམས་ནས་ཕྱིར་རང་ཡུལ་ལ་ཡོང་ནས་ཆུ་ཀ་ཏོ་ར་ཕྱེད་ཀྱིས་ཁ་ལག་བཀྲུ་དུས་ཕ་མྱེས་རྒན་རབས་པས་ཁ་རྒྱ་ཁོག་ལ་བསྐོར་རྒྱོ་ཞེས་སྡིགས་དམོད་བྱེད། དེ་ཡིན་རྒྱུ་ནི་རྒྱ་ཡུལ་དུ་ཆུའི་དཀའ་ཁག་ཡོད་པས་ང་ཚོ་ཆུ་འགོ་ན་ཡོད་པས་ཆུ་ལ་གྲོན་ཆུང་བྱེད་དགོས་པར་གདམས་པ་རེད།

སའི་གོ་ལའི་ད་ལྟའི་ཆུའི་གནས་བབས།

སྤྱིར་ས་གོ་ལ་ཧྲིལ་མོ་འདིའི་བརྒྱ་ཆའི 60 ཡན་ཆུས་བཟུང་ཡོད་ཀྱང་། བཏུང་རུང་བའི་སའི་གོ་ལའི་སྟེང་དུ་ཡོད་པའི་ཆུའི་བརྒྱ་ཆའི 1% ཙམ་ལས་མེད། དེར་བརྟེན་དེང་སྐབས་ཀྱང་ཧྥེ་གླིང་སོགས་ས་ཁུལ་གང་མང་ཞིག་ན་ལོ་ལྟར་འཐུང་ཆུའི་དཀའ་ངལ་ལ་འཕྲད་དེ་མི་དང་སྲོག་ཆགས་གྲངས་ལས་འདས་པ་འཆི་བཞིན་ཡོད། ཞིབ་འཇུག་པས་ཚོད་དཔག་ལྟར་ན་མི་རིང་བར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གང་མང་ཞིག་ལ་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། འདི་ལྟར་ཁོར་ཡུག་གཏོར་བརླག་ལ་དོ་སྣང་མ་བྱས་པར་ལོ༡༥༠༠སོང་རྗེས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འཐུང་ཆུ་ཡོངས་སུ་རྫོགས་འགྲོ་བའི་ཉེན་བརྡ་བཏང་ཡོད།

སའི་གོ་ལའི་སྟེང་གི་ཆུའི་སྤྱིའི་གསོག་ཚད་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར་140[m3]ཡོད། དེའི་ནང་ཚྭ་མེད་ཆུ་ཡིས1/40ཟིན་ལ། ཧ་ལམ་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར3.5[m3]རེད། ཚྭ་མེད་ཆུའི་ཁྲོད་ཀྱི70%ཙམ་སྣེ་གཉིས་ཀྱི་འཁྱགས་རིམ་དུ་བསགས་ཡོད། མིག་སྔར་མིའི་རིགས་དང་འབྲལ་ཐབས་བྲལ་པའི་མཚེའུ་དང་ཆུ་བོ། ས་འོག་གི་བེད་སྤྱད་ཆོག་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱིས་ཚྭ་མེད་ཆུའི་སྤྱིའི་ཐོན་ཁུངས་ཀྱི1/300 མ་གཏོགས་ཟིན་མེད་ལ། ཧ་ལམ་སྨི་[meter]རྒྱ་དཔངས་གྲུ་བཞི་དུང་ཕྱུར105[m3]ཡིན་པ་དང་། གོ་ལ་ཡོངས་ཀྱི་ཆུའི་སྤྱིའི་གསོག་ཚད་ཀྱི་ཁྲི་ཆའི་གཅིག་ལའང་མི་ཐོན་ཟེར།

སའི་གོ་ལའི་ལྷོ་སྣེ་གླིང་དང་། བྱང་སྣེ་གླིང་། མདོ་དབུས་མཐོ་གླིང་།༼སྣེ་གསུམ་པ།༽ནི་ང་ཚོ་རྒྱུན་པར་བཟའ་བཏུང་དང་འཚོ་བའི་ཁྲོད་སྤྱོད་རུང་བའི་སྐམ་སའི་འཐུང་ཆུའི་འབྱུང་ཁུངས་ཆེན་པོ་གསུམ་ཡིན། སའི་གོ་ལའི་ལྷོ་སྣེ་གླིང་སྟེ་ལྷོ་སྣེ་གླིང་གི་འཁྱག་རོམ་ཆེན་པོ་ཞུ་བ་ལས་བྱུང་བའི་ཆུ་དང་། བྱང་སྣེ་གླིང་གི་འཁྱག་རོམ་ཆེན་པོ་ཞུ་བའི་ཆུ། སྣེ་གསུམ་པ་མདོ་དབུས་མཐོ་སྒང་ནས་བྱུང་བའི་ཆུ་གསུམ་ཡིན། རི་རྒྱལ་བོ་གངས་ཏི་སེ་ནས་ཁ་འབབ་བཞིའམ་ཆུ་བོ་ཆེན་བཞི་ཕྱོགས་བཞིའི་རྒྱལ་ཁབ་མང་བོར་འབབ་པ་ལས་འཛམ་གླིང་མི་གྲངས་ཆེས་མང་ཤོས་ཀྱི་རྒྱ་དཀར་ནག་གཉིས་སོགས་ཡ་གླིང་གི་སྐམ་ས་ཆེན་པོར་ཟིན་ཡོད། རྒྱ་ནག་གིས་རྨ་འབྲི་གཉིས་ལ་མ་ཡུམ་ཆུ་བོར་འབོད་པས་དོན། མདོ་དབུས་མཐོ་སྒང་ནི་ཕ་མེས་ཀྱི་འབྱུང་ཁུངས་དང་དྲིན་ཆེ་བ་ཨ་མའི་འདུ་ཤེས་བཟུང་ཡོད། གནའ་རབས་སུ་རྒྱའི་གོང་མ་ཁྲི་ཤོར་རྒྱལ་མོར་མཆོད་འཇལ་དུ་བྱོན་པ་དང་། ཡང་ཆན་ལུང་གོང་མས་བང་མཛོད་ཀྱི་རྒྱུ་ནོར་རྩ་ཆེན་དབུ་བླ་ལྕང་སྐྱ་ཚང་ལ་སྐུར་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་མཆོད་བསྙེན་དུ་མངགས་པ་དེ་ཚོས་ལས་རྒྱ་ནག་གིས་བོད་ཀྱི་ཆུ་ལ་རྩ་ཆེན་རྩིས་བ་ཤེས་ཐུབ།

སྲོལ་རྒྱུན་རིག་གནས་ཀྱིས་ཆུའི་ཐོན་ཁུངས་གསོ་ཚུལ།

གནའ་བོའི་སྲོལ་རྒྱུན་རིག་གནས་ལས་ཀླུ་ཆོག་དང་ཀླུ་གཏོར་གྱི་ཆོ་ག་སྒྲུབ་པ། ཀླུ་དབང་རྒྱལ་བོའི་ཁྲུས་གསོལ། ཆུ་ལྷ་གསོལ་མཆོད། ས་ཆུ་གསོ་བ། རི་ཀླུང་ལ་ཁྲུས་གསོལ། ལྷ་བསངས་ཀླུ་བསངས་གཏོང་བ། སྡོང་འཛུགས་ནགས་བསྐྲུན། རྩི་ཤིང་འདེབས་འཛུགས་པ་སོགས་ནི་ཆུའི་ཐོན་ཁུངས་གསོ་ཚུལ་ཡིན།

ས་བདག་གཏོ་འཕྱེ་ཡི་སྒོ་ནས་ས་བསླང་བ། བུམ་པ་གཏེར་སྒྲུབ་ཀྱི་སྒོ་ནས་གཡང་བསྐྱིལ་བ། ས་ཡི་བཅུད་གསོ་བ། ས་དགྲ་ཡོད་སར་ས་གནོན་དང་ས་ལ་མེ་བཙའ་གདབ་པ། ཆུ་མགོའི་ཆུ་བོ་སྐམ་པ་ལ་ཀླུ་གསོ་བ་དང་ཀླུ་ཐེབས་འཇོག་པ། ཀླུ་གཏོར་ཀླུ་མནན་ཀླུ་ཆོག་སོགས། དོན་བྱ་ཡིད་ལ་དྲན་པ་དང་སྒོམ་སྟེ་ལག་ལེན་དུ་འདེབས་པ་འདིི་དག་ཡང་སྲོལ་རྒྱུན་གྱི་ཆུའི་ཐོན་ཁུངས་གསོ་ཐབས་ཡིན།

དེ་བཞིན་དུ་ཆུང་དུས་ཆུ་ནང་དུ་གཅིན་གཏོང་མི་རུང་བ་དང་། རྩྭ་རྩི་ཤིང་གཅོད་མི་རུང་བ་སོགས་ཀྱི་བསླབ་བྱ་ད་ལྟ་རང་ལ་ངོ་འཕྲོད་བཞིན་པས་ང་ཚོས་ཆུ་ཕོར་བ་གང་ལ་སྲུང་སྐྱོབ་དང་། ལྗོན་ཤིང་དང་རྩྭ་ཐང་། སྐྱེ་དངོས་དང་ས་གཞི། གཙང་བོ་སོགས་ལ་བདག་སྐྱོང་བྱས་ནའང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པ་ཡིན།

སྔ་མོའི་བོད་གཞུང་གིས་རི་ཀླུང་རྩ་ཚིག་ཅེས་ཁྲིམས་སུ་བཅས་པ་ལས་རིའི་རི་དྭགས་དང་ཀློང་གི་ཤིང་ནགས་བཅད་མི་ཆོག་པ། དགོན་པ་སོ་སོ་ལའང་བཀག་རི་རྔོན་རྒྱ། ཆུ་ཀླུང་གི་འོལ་ཀ་བསྒྱུར་བ་སོགས་མི་ཆོག་པའི་ཁྲིམས་ལུགས་ཡོད།

མདོར་ན་རང་རེ་བོད་ཀྱི་མི་རིགས་ལ་བླ་ན་མེད་པའི་གཤིས་སྤྱོད་བཟང་པོ་ལྡན་པ་སྟེ། ཕྱི་ཐག་རིང་ཞིང་ངོ་ལྐོག་ཐུབ་པ། ཡབ་མེས་རྒན་རབས་ཀྱི་ངག་ལ་ཉན་པ། ཧམ་སེམས་ཆུང་ཞིང་ཆོག་ཤེས་ཆེ་བའི་རྒྱུ་མཚན་གྱིས། རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ཏེ་རང་བྱུང་ཁོར་ཡུག་གི་དངོས་པོ་ལ་ལོངས་སྤྱོད་དང་། དོན་མེད་ཀྱི་ཆུད་ཟོས་དང་། དགོས་མེད་ཀྱི་གཏོར་བརླག་མི་བྱེད་པ་སོགས་ནི། ནང་བསམ་པའི་དཔལ་ཡོན་གཙོ་བོར་འཛིན་པའི་མི་རིགས་ཤིག་ཡིན་པས། ཐ་ན་སེན་མོ་བཅད་པ་དང་སོ་བར་དྲུས་པའི་ཤིང་ཐུར་ཆུང་ངུའང་རང་དགར་གཡུག་ན་བྱ་བྱེའུ་སོགས་ཀྱི་ཁ་ནང་དུ་སོང་ན་སྲོག་ལ་ཉེན་ཁ་ཡོད་པས་ས་འོག་སྦ་བ་ཀྱིན་ཡོད།

རྒན་པོ་རྣམས་ཀྱིས་རས་ཡུག་གི་སྣབས་ཕྱིས་ཆུ་ལ་མི་འཁྲུ་བར་ཉི་མར་ལྡེ་ནས་དུག་འདོན་གཙང་སེལ་བྱེད་པ་ཡིན། ས་གཉན་བརྐོ་བ། རྡོ་གཉན་སློག་པ། ཤིང་གཉན་བཅད་པ། ཆུ་གཉན་དཀྲུག་པ། ཕུ་རི་རབ་ལ་མེ་བཀྱེས་པ་དང་། མདའ་རྒྱ་མཚོ་ལ་དུག་བཏབ་པའམ་གཏོར་བརླག་བྱེད་པ་ནི་མིའི་རིགས་ལས་ཐ་ཤལ་མ་རུངས་པ། ཉེས་པའམ་སྡིག་པ་ཤིན་ཏུ་ཚབས་ཆེ་བ་ལ་ལྟས་ངན་པ་རང་ལ་སློང་བའི་ལས་ཡིན་པས་འཛེམས་པ་ཡིན།

གནའ་བོའི་སྲོལ་རྒྱུན་རིག་གནས་ལས་ཀླུ་ཆོག་དང་ཀླུ་གཏོར་གྱི་ཆོ་ག་སྒྲུབ་པ། ཀླུ་དབང་རྒྱལ་བོའི་ཁྲུས་གསོལ། ཆུ་ལྷ་གསོལ་མཆོད། ས་ཆུ་གསོ་བ། རི་ཀླུང་ལ་ཁྲུས་གསོལ་བྱེད་པ་ཡིན། དེང་སང་དཔྱད་ཆས་བཀོལ་ནས་ཆུ་ལ་བརྟག་དཔྱད་ཀྱིས་རེའུ་མིག་བཟོས་ཏེ་ཟིན་ཐོར་འགོད་པ་སོགས་ནི་བོད་མིའི་སྤྱོད་བཟང་ལས་ཆུ་ལ་སྲུང་སྐྱོབ་བྱས་པ་ཡིན་ནོ།། །།

རྒྱུན་པར་ཆུའི་ཐོན་ཁུངས་གྲོན་ཆུང་བྱ་ཐབས།

  1. ཁ་ངོ་་སོ་བཀྲུ་ལུས་ཁྲུས་ཀྱིས་འདག་རྫས་བཀོལ་སྐབས་ཆུ་སྒོ་བསྒག་པ།
  2. རང་འབབ་ཆུ་སྦུག་ལས་ཆུ་ཟགས་ན་དུས་ལྟར་ཞིག་གསོ་བྱེད་པ།
  3. རླངས་འཁོར་བཀྲུ་བྱེད་ཆུ་འཁོར་རྒྱུག་བེད་སྤྱོད་བྱེད་པ།
  4. ལྭ་བ་བཀྲུ་སྐབས་ལག་པས་ལྭ་བ་བཙུར་ནས་ཆུ་བཤལ་རྒྱག་པ།
  5. ཚོད་མ་བཀྲུ་སྐབས་ཆུ་སྣོད་དུ་བཀྲུ་བ། ཉ་གསོ་སྤྱད་ཀྱི་ཆུ་དང་འབྲས་བཀྲུ་སྤྱད་ཀྱི་ཆུ་མེ་ཏོག་ནང་དུ་བླུགས་ན་མེ་ཏོག་སྐྱེས་སྟོབས་ལ་ཕན།
  6. སྣོད་ཅ་ལག་བཀྲུ་སྐབས། སྣུམ་མང་པོ་ཆགས་ཡོད་ཚེ་ཐོག་མར་ཤོག་བུས་ཕྱིས་རྗེས་ད་གཟོད་བཀྲུ་དགོས།
  7. འབྲས་བཀྲུ་སྤྱད་ཀྱི་ཆུ་དང་ཐུག་ཁུ། ཇ་ལྷག་བཅས་ཀྱིས་སྣོད་ཅ་ལག་བཀྲུ་ན་སྣུམ་དག་པ་མ་ཟད། ཆུ་གྲོན་ཆུང་བྱ་ཐུབ་ལ་དག་རྫས་ཀྱི་སྦག་བཙོག་ཇེ་ཉུང་དུ་གཏོང་ཐུབ།
  8. ཆབ་གཞོང་ནང་ཟས་ལྷག་གམ་དངོས་པོ་ལྡུག་མི་རུང་། དངོས་པོ་དེ་དག་ཆུས་བཤལ་ན་ཆུ་མང་པོ་ཆུད་ཟོས་བྱེད་པ་མ་ཟད་སྦུག་ལམ་འགག་པའི་ཉེན་ཁའང་ཆེ།
  9. གྱོན་ཆས་དང་སྔོ་ཚོད། ལུས་བཀྲུས་པའི་ཆུ་བསོག་ནས་ཆབ་གཞོང་བཤལ་ན་ཆོག
  10. དགུན་དུས་ཕྱི་རོལ་གྱི་ཆུ་སྦུག་གད་པར་མཉམ་འཇོག་བྱ་དགོས།
  11. གྲོང་ཁྱེར་དུ་སྡོང་འཛུཊ་ནགས་སྐྲུན་བྱས་ཏེ་རྒྱ་ཁྱོན་ཆེ་བའི་རྩྭ་ཐང་འཐུས་ཚབ་བྱ་དགོས།
  12. གཞིས་ཆགས་ཁུལ་དུ་ཐུན་མོང་གི་ཁྲུས་ཁང་དང་ཆུ་བསྐོལ་ཁང་ལས་རིན་གོང་འཛིན་བྱང་གིས་ལུས་བཀྲུ་དང་ཆུ་ལེན་སོགས་བྱེད་དགོས།

གྲམ་པ་དང་མཚེའུ་ནང་དུ་གད་སྙིགས་མི་འཕེན་པ་དང་། གློག་རྡོ་གང་སར་མི་འཕེན་པར་རང་བྱུང་གི་ཆུའི་ཐོན་ཁུངས་ལ་སྦགས་འགོག་བྱ་དགོས།།

དཔྱད་གཞིའི་ཡིག་རིགས། 

  1. སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་ཌཱུར་སྔོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  2. ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོ་ཞལ་ལུང་།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
  3. གོ་འཇོ་དབང་འདུས་ཀྱིས་མཛད་པའི་གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། མི་རིགས་དཔེ་སྐྲུན་ཁང་།
  4. བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་།
  5. གཡུ་ཐོག་པས་མཛད་པའི་གསོ་རིག་རྒྱུད་བཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
  6. སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། མི་རིག་དཔེ་སྐྲུན་ཁང་།
  7. སྐྱེམ་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
  8. བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད། བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛད།
  9. ཀུན་བཟང་རང་གྲོལ་ལགས་ཀྱི་བརྩམས་པའི་གསོ་རིག་དང་འབྲེལ་བའི་ཆུ་ཡི་རིགས་དག་གི་ཕན་ནུས་ལ་ཕྱོགས་ཙམ་དཔྱད་པའི་གཏམ།
  10. བཀོལ་བདེའི་ཟས་སྨན་ལག་ལེན་གསལ་བའི་མེ་ལོང་།
  11. གསང་སྙིང་།
  12. དག་པ་གསེར་གྱི་མདོ།

 

སྐྱེ་ཁམས་ཁོར་ཡུག་དྲྭ་བ་ལས་དྲངས།

 

 

 

ཐེངས་ 4216417 བཀླགས་འདུག