Donate

༢༠༡༨ ལོའི་ཁོར་ཡུག་གི་འགྲན་རྩོམ་ནང་བོད་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་མཁན།

 

འགྱིག་ཤོག་ཇི་ལྟར་སྤོང་ཚུལ།

སེར་ཤུལ་རིན་ཆེན་དོན་གྲུབ།

གླེང་གཞི།

ཁོར་ཡུག་ནི་ང་ཚོའི་ཁོར་ཡུག་སྟེ་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་མཚོན་པའི་སྲོག་ལྡན་ཡོད་དོ་ཅོག་གི་བདེ་ཐང་དང་། འཕྲོད་བསྟེན། མ་འོངས་པའི་བདེ་འཇགས་སོགས་མཐར་གཏུགས་ན་སྲོག་ལྡན་ཐེར་འབུམ་མང་པོའི་ཚེ་སྲོག་གི་གནད་དོན་ཞིག་ཡིན། ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱ་རྒྱུ་ནི་དེང་གི་དུས་སྐབས་འདིར་མི་སྒེར་ཞིག་གི་གནད་དོན་ལས་བརྒལ་ཏེ་འཛམ་གླིང་གི་བདེ་འཇགས་དང་། དགོས་མཁོ་ཞིག་ཏུ་གྱུར་ཡོདཅིང་ཁོར་ཡུག་གི་གནད་དོན་དང་འབྲེལ་བའི་དོན་རྐྱེན་མང་པོ་ཞིག་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་དང་ཡང་འབྲེལ་ཡོད། དེ་བས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་ནི་བདེ་སྐྱིད་འདོད་པའི་སྲོག་ལྡན་བགྲང་དུ་མེད་པའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་ཀུན་ནས་མཚུངས་པར་ངེས་རྙེད་ཀྱིས་ང་ཚོ་སུས་ཀྱང་འདི་སྣང་མེད་དུ་གཏོང་ག་ལ་རུང་། ང་ཚོས་རང་དང་གཞན་གྱི་ཚེ་སྲོག་དང་བདེ་ཐང་གི་ཆེད་དུ་ངེས་པར་དུ་ཁོར་ཡུག་གཙང་མར་བདག་སྐྱོང་བྱེད་དགོས། དེ་ནི་ཆེ་ས་ནས་བཤད་ན་བསམ་ཤེས་པའི་སྲོག་ལྡན་རེ་རེའི་ཕྲག་གི་འགན་འཁྲི་རེ་རེ་ཡིན་པས་གུས་པས་ཀྱང་འགན་འཁྲི་འདི་དང་ལེན་གྱིས་ཞུགས་པར་སྤྲོ་བ་རབ་ཏུ་འཕེལ། དེ་མཚུངས་གལ་གནད་ཅན་གྱི་བརྗོད་གཞི་འདི་ལྟ་བུར་རྩོམ་འབྲིའི་གོ་སྐབས་སྐྲུན་མཁན་གྱི་ཚོགས་པ་ལའང་བཀའ་དྲིན་ཚོར་ཤེས་ཀྱི་སྒོ་ནས་གཤམ་དུ་བརྗོད་གཞི ༼འགྱིག་ཤོག་རིགས་ཀྱིས་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས།༽ ཞེས་པའི་བརྗོད་གཞི་གཞིར་བཟུང་ འགྱིག་ཤོག་རིགས་ཀྱིས་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་སྐོར་གྱི་ཐབས་ལམ་འགའ་ཞིག་མདོར་བསྡུས་སུ་བཤད་པར་བྱ།

བྱ་བ་གང་ཞིག་ཡིན་ཡང་ཤེས་རྟོགས་དང་། ཉམས་ཞིབ། གནད་དོན་ཤེས་པ་བྱེད་རྒྱུ་བཅས་ནི་བྱ་བ་དེ་སྒྲུབ་པའམ་གྲུབ་པའི་རྒྱུད་རིམ་གྱི་གནད་དོན་ཧ་ཅང་གི་གལ་ཆེན་ཞིག་ཡིན། དེ་བས་འགྱིག་ཤོག་གཙང་བཟོ་བྱེད་པ་ལའང་འགྱིག་ཤོག་གིས་ཁོར་ཡུག་ལ་གནོད་སྟངས་དང་། དེའི་ཉེན་ཁ་སོགས་མི་མང་ལ་གོ་རྟོགས་ལེགས་པོ་ཞིག་ཡོང་བ་བྱེད་རྒྱུ་ནི་བསྒྲུབ་དགོས་པའི་གལ་གནད་དང་པོ་དེ་ཡིན། དེ་ལ་ཡང་ཞིབ་ཕྲའི་ཐབས་ལམ་འགའ་ཡོད་དེ། ༡) སྦྱར་ཡིག་འདྲ་མིན་ཐོག་འགྱིག་ཤོག་རུལ་དཀའ་བས་ཁོར་ཡུག་ལ་གནོད་ཚུལ་དང་། དེ་ལ་ཉི་འོད་ཡུན་རིང་ཕོག་པ་ལས་རྫས་ངན་ནམ་མཁར་ཁྱབ་ཅིང་ཆར་དང་འདྲེས་ནས་ཕྱིར་བབས་ཏེ་མི་སོགས་ཀྱི་ལུས་ལ་ནད་རིགས་སྣ་ཚོགས་སྐྱེད་ཚུལ་སོགས་གོ་བདེ་བོ་དང་། མདོར་བསྡུས་ཀྱིས་བྲིས་ཤིང་། གོ་བ་གསལ་བོར་སྟོན་པའི་རི་མོ་དང་ལྷན་སྦྱར་གྱིས་མི་ཚོགས་འདུ་འཛོམས་ཆེ་བའི་ས་གནས་ཀྱི་གྱང་ངོས་སུ་སྦྱར་འགྲེམས་ཤུགས་ཆེན་བྱེད་དགོས། ༢) དུས་ནས་དུས་སུ་གཏམ་བཤད་དང་། བགྲོ་གླེང་། གཏམ་བརྗོད། གློག་བརྙན། གཞས་སོགས་བརྒྱུད་ནས་མི་མང་ལ་དེའི་སྐོར་གྱི་གོ་རྟོགས་ཡོང་ཐབས་བྱེད་དགོས། ༣) ཁོར་ཡུག་འབགས་བཙོག་གིས་དངོས་སུ་གནོད་སྐྱོན་ཐེབ་པའི་དཔེ་མཚོན་རང་བཞིན་གྱི་ནད་པའམ་འབགས་བཙོག་ཐེབ་པའིཁོར་ཡུག་བརྗོད་གཞིར་བྱས་པའི་སེམས་ཚོར་དྲག་པོ་སློང་བའི་བརྙན་ཐུང་འདྲ་མིན་སྒྲིག་བཟོ་བྱས་ཏེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱེད་དགོས། དེང་དྲ་རྒྱའི་དུས་རབས་ཡིན་པས་ཐབས་ལམ་འདིས་མི་མང་པོ་ཞིག་ལ་སྐུལ་མ་ཐེབ་ངེས།

ལས་བྱ་གང་ཞིག་ཡིན་ཡང་ལེགས་པའི་གོམས་གཤིས་འཇགས་སུ་འཇུག་རྒྱུ་ནི་འཚོ་བའི་ཁྲོད་ཀྱི་ལེགས་བཅོས་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན། དེ་བས། དགེ་རྒན་དང་། དབུ་ཁྲིད། རྒན་པ། ཁོར་ཡུག་སྐོར་གྱི་གོ་རྟོགས་ཡོད་མཁན་སོགས་ཀྱིས་ཀྱིས་འགྱིག་ཤོག་བེད་སྤྱོད་མི་གཏོང་རྒྱུ་དང་། གལ་སྲིད་གཏོང་དགོས་བྱུང་ཚེ་གང་བྱུང་དུ་མི་གཡུག་པར་གད་སྣོད་དུ་བླུག་པ་སོགས་ཀྱི་གོམས་གཤིས་བཟང་པོའི་མིག་དཔེ་སྟོན་ཐབས་གནང་དགོས། དེ་ནི་ན་གཞོན་དག་ལ་མི་མངོན་པས་གོམས་གཤིས་བཟང་པོ་ཐེབ་ཏུ་འཇུག་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན།

གལ་ཏེ་བསམ་ཤེས་དང་གོ་རྟོགས་ཀྱིས་ལག་ལེན་ལ་གཞོལ་དུ་མི་བཏུབ་ན་ཐབས་ཤེས་གཞན་ཞིག་ཡོད་པ་ནི་ཁྲིམས་ཀྱིས་གཅུན་སྡོམ་བྱ་རྒྱུ་དེ་རེད། ཚོགས་པ་དང་། སྒྲིག་འཛུགས་སོགས་ཀྱིས་རང་རང་གི་ཁོར་ཡུག་ཏུ་འཚོ་བའི་མི་རྣམས་ལ་འགྱིག་ཤོག་བེད་སྤྱོད་གཏོང་མི་ཆོག་པའི་ཁྲིམས་གཞི་བཟོས་ཏེ་ལག་བསྟར་ནན་པོ་བྱེད་དགོས། གཙོ་བོ་ནི་ཚོང་ཁང་དང་ཟ་ཁང་ཁག་གིས་འགྱིག་ཤོག་བེད་སྤྱོད་གཏོང་བར་བཀག་འགོག་བྱ་ཐབས་ལ་འབད་དགོས།

ང་།

དཀའ་ངལ་གཅིག་ནི་གད་སྙིགས་སྐམ་རློན་མཉམ་བསྲེས་བྱེད་པ་དེ་རེད། བྱེད་སྟངས་དེས་ཁོར་ཡུག་ལ་དེ་ཙམ་མི་གནོད་པའི་གད་སྙིགས་དེ་དག་ཀྱང་འགྱིག་རིགས་དང་མཉམ་འདྲེས་ཀྱིས་ཁོར་ཡུག་འབགས་བཙོག་གི་རྒྱུ་རྐྱེན་ཆགས་ཀྱི་ཡོད། དེ་བས། བདུན་རེའི་གཟའ་རེས་བགོས་ཀྱིས་གད་སྙིགས་སྐམ་རློན་སོ་སོར་འོར་འདྲེན་དང་། བླུག་སྣོད་ཀྱང་སོ་སོ་ནས་བཟོ་དགོས། དཔེར་ན། བཞུགས་སྒར་རྡ་ས་ལྟ་བུར་མཚོན་ན་གད་སྙིགས་ཕུང་གསོག་གི་དཀའ་ངལ་འཕྲད་བཞིན་འདུག་པས་དེའི་དཀའ་ངལ་སེལ་ཐབས་གཅིག་ནི་གད་སྙིགས་ཕུང་གསོག་ཐེབ་ཏུ་མི་འཇུག་པར་ཉིན་རེ་བཞིན་གད་སྙིགས་སྐམ་རློན་སོ་སོར་འོར་མཁན་གྱི་རླངས་འཁོར་གྲ་སྒྲིག་བྱས་ཏེ་སྲང་ལམ་སོ་སོར་ཡོང་ནས་གད་སྙིགས་འོར་འདྲེན་གྱིས་ཐག་རིང་གི་ས་ཆར་གཡུགས་ཤིང་འགྱིག་རིགས་རྣམས་མེར་སྲེག་གཏོང་དགོས། དེ་ལྟར་བྱས་ན་གད་སྣོད་དག་ཏུ་གད་སྙིགས་ཕུང་གསོག་ཐེབ་ཅིང་དེ་ཁྱི་དང་སེམས་ཅན་གྱིས་བསྔོགས་ནས་ཁོར་ཡུག་རྫོབ་རོར་གྱུར་བར་སྔོན་འགོག་བྱེད་ཐུབ།

གོང་དུ་ངས་འགྱིག་ཤོག་མེར་སྲེག་གཏོང་དགོས་པའི་སྐོར་ཞིག་བཤད་ཡོད། དེ་ནི་གནས་སྐབས་ཀྱི་ཐབས་ལམ་ཙམ་ལས་ཡང་དག་པའི་ཐབས་ཤེས་ཤིག་མིན། རྒྱུ་མཚན་ན་ནི་འགྱིག་ཤོག་མེར་སྲེག་གཏོང་བ་དེས་འགྱིག་ཤོག་གི་གད་སྙིགས་ཉུང་དུ་གཏོང་ཐུབ་ཀྱང་ཁོར་ཡུག་གཙང་ཉར་གྱི་ཕྱོགས་ལ་ལེགས་པའི་ནུས་པ་དེ་ཙམ་མི་ཐོན་ཏེ་འགྱིག་ཤོག་མེར་སྲེག་པའི་དུ་བ་དེས་ཀྱང་ཁོར་ཡུག་ལ་གནོད་སྐྱོན་ཐེབ་པས་སོ།། དེས་ན་ཐབས་ལམ་ཡག་ཤོས་ཤིག་ནི་འགྱིག་ཤོག་གི་གད་སྙིགས་རྣམས་དུས་ཚོད་ངེས་ཅན་ནང་འགྱིག་ཤོག་བཟོ་གྲྭ་ཁག་ལ་བཙོང་རྒྱུ་དེ་རེད། དེས་ནི་འགྱིག་ཤོག་རྣམས་བཟོ་གྲྭ་དང་བེད་སྤྱོད་གཏོང་མཁན་གྱི་བར་དུ་སྐོར་བ་རྒྱབ་ནས་འགྲོ་བས་གཉིས་ཕན་ཡིན་ཞིང་། དེ་ལྟར་མུ་མཐུད་དེ་སོང་ཚེ་ཁོར་ཡུག་ལ་གནོད་སྐྱོན་མེད་ཅིང་རིན་འབབ་ཀྱི་ཁེ་བཟང་ཡང་ཡོད་པས་དེ་ནི་ཧ་ཅང་གི་ཐབས་ལམ་བཟང་པོ་ཞིག་རེད།

མཇུག་བསྡུ་བ།

སྤྱིར་བཏང་བྱས་ན་ཁོར་ཡུག་གི་གནད་དོན་འདི་ཧ་ཅང་གལ་གནད་ཆེ་བས་རྒྱས་འབྲི་ཞིབ་ཚགས་བྱེད་དགོས་ངེས་ཡིན་མོད། འོན་ཀྱང་དེང་ལས་བྲེལ་སྣེ་མང་གིས་མནར་བས་དེ་ཙམ་གྱི་འདོད་བློ་ཁེངས་པ་ཞིག་མ་བྱུང་ཡང་རྩོམ་ཡིག་འགྲན་བསྡུར་གྱི་གོ་སྒྲིག་འདིར་གུས་བརྩི་ཞུ་ཆེད་དང་རྒྱ་ཆེའི་མི་མང་ལ་ཁོར་ཡུག་སྐོར་གྱི་གོ་རྟོགས་ཅུང་ཙམ་རེའང་སྤེལ་སླད་དུ་ ༢༠༡༨/༥/ ༢༥/ ཉིན་རྒྱུ་ཆ་འཚོལ་སྒྲུབ་དང་དཔྱད་གཞི་ཞིབ་འཇུག་སོགས་ཀྱི་མགོ་བརྩམས་ཤིང་། རྩོམ་འབྲི་དང་། ཞུ་དག བསྣོན་འཕྲི་བཅས་ ༢༠༡༨/༦/༤ ཉིན་མཇུག་རྫོགས་པར་གྲུབ་པར་བྱས་པ་འདི་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་ཆེད་ཕུལ་བའོ།།

ཐེངས་ 42450 བཀླགས་འདུག