བྱ་ཝང་ངོ་སྤྲོད།
འཛམ་གླིང་ནང་བྱ་ཝང་རིགས་ ༥༠ ཙམ་ཡོད་པ་དང༌། དཔེར་ན་རྨ་བྱ་དང་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་རྒྱུད་དང་རྒྱ་གར་གྱི་ཤར་ཕྱོགས་སུ་གནས་པའི་ཁྱིམ་བྱ་རིགས་ཤིག་ཀྱང་བྱ་ཝང་གི་རིགསརྒྱུད་ཡིན་པར་བཤད།
དེ་བཞིན་བྱ་ཝང་རིགས་འགའ་ཤས་ལྷོ་ཨ་ཧཕི་རི་ཁ་དང༌། སོག་ཡུལ། ཉི་ཧོང༌། ཨ་རིའི་གླིང་ཕྲན་ཧ་ཝ་ཡེ་སོགས་སུ་འཚོ་གནས་བྱེད་བཞིན་ཡོད་པ་དང༌། བོད་གངས་ཅན་ལྗོངས་སུ་གནས་པའི་བྱ་ཝང་རིགས་དེ་ས་གནས་གཞན་ལ་མེད་པས་འཛམ་གླིང་རྩ་ཆེའི་འདབ་ཆགས་རིགས་ཤིག་ཡིན།
བྱ་ཝང་ནི་བོད་ཡུལ་ས་ཆ་སྟོད་སྨད་བར་གསུམ་གྱི་ནགས་ཚལ་ཁྲོད་དུ་གནས་པའི་རི་བྱའི་རིགས་སུ་གཏོགས་ཤིང༌། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༤༠༠༠ ཙམ་སར་གནས་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་བ་ལྟར་ན་བྱ་ཝང་རིགས་གཙོ་བོ་གཉིས་བོད་ནང་གནས་ཡོད་པ་དང༌། བྱ་ཝང་དང༌། བྱ་ཝང་སྒྲོ་སྔོན་ཅན་གཉིས་ཡིན་འདུག ནང་གསེས་རིགས་ལྔ་ཙམ་ཡོད་པར་བཤད།
བྱ་ཝང་རིགས་ལུས་སྟོབས་ཅུང་ཆེན་པོ་ཡོད་པ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༣ ཡོད། སྤུ་མདོག་ནི་སྤྱིར་དཀར་པོ་དང༌། མཇུག་མའི་སྒྲོ་སྔོ་ནག་ཡིན་པ་གང་ཞིག་ལ་ཚོས་གཞི་མི་འདྲ་བ་གཤོག་སྒྲོ་གྲངས་ ༢༠ ཙམ་ཡོད། མགོ་ཡི་སྤྱི་གཙུག་སྤུ་ནག་པོ་དང༌། སྐེ་ཅུང་རིང་ཙམ་དང་མཇུག་མ་ཞིང་ཚད་ཆེ། མིག་གི་མཐའ་སྐོར་དུ་སྐྱི་མོ་དམར་པོའི་སྒོ་རེ་མཐོང་རྒྱུ་ཡོད། མཆུ་སེར་ཙམ་དང་རྐང་པ་དམར་པོ་ཡིན་པ་སོགས་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག
བྱ་ཝང་ནི་ཁྱུ་ཚོགས་རེ་ནང་གྲངས་ ༡༠ ནས་ ༥༠ ལྷག་བར་མཉམ་སྡོད་བྱེད་ཀྱི་ཡོད། ཁྱུ་ཚོགས་རེའི་ནང་མགོ་དཔོན་རེ་ཡོད་པ་བྱ་རིགས་སྤྱི་མཚུངས་ལྟར་ཡིན། མངལ་སྦྲུམ་ཆགས་པའི་སྐབས་དང༌། ཕྲུ་གུ་གསོ་སྐྱོང་གི་དུས་མ་གཏོགས་རྒྱུན་གཏན་ཁྱུ་བྱས་ནས་འཚོ་སྡོད་བྱེད་པ་ལས་ཁེར་རྐྱང་སྡོད་སྲོལ་མེད། ནམ་འཕངས་གཅོད་པའི་གཤོག་རྩལ་དང་གྲང་ལྷག་བཟོད་པའི་ནུས་པ་བྱ་རིགས་གཞན་ལས་ཞན།
ཟས་རིགས་ཀྱི་གཙོ་བོ་རྩྭ་ལྡུམ་གྱི་རྩ་བ་དང་འབྲས་བུ། ལོ་ཏོག འབུ་སྲིན་གྱི་རིགས་འགའ་ཤས་ལོངས་སྤྱོད་བྱེད། བྱ་ཝང་གི་ལུས་ཚད་ལ་མི་ཊར་ ༠་༥ ཙམ་ཟིན་གྱིན་ཡོད་པ་དང༌། ཕྱི་ཟླ་ ༤ ཙམ་ལ་ཆགས་འཕེལ་བྱེད་ཅིང༌། ཕྱི་ཟླ་ ༦ དང་ ༧ ནང་ལ་བྱ་ཕྲུག་སྐྱེ་འཕེལ་བྱེད་ཅིང༌། ཐེངས་གཅིག་ལ་བྱ་ཕྲུག་གྲངས་ ༥ ནས་ ༡༠ ཙམ་བར་གཏོང་གི་ཡོད། སྤྱིར་བོད་ནང་ཤིང་ནགས་རིགས་གཅོད་འབྲེག་ཆེས་མང་པོ་བྱེད་ཀྱི་ཡོད་པ་དང༌། བྱ་ཝང་ལྟ་བུ་ཤིང་ནགས་ནང་འཚོ་གནས་བྱེད་མཁན་ཞིག་ཡིན་པས། བྱ་འདིའི་འཚོ་གནས་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། རྒྱ་མི་རྣམས་བྱ་རིགས་ཀྱི་ཤ་ལ་དགའ་ཞིང༌། བྱ་འདི་འཕུར་རྩལ་ཞན་པས་རྔོན་རྒྱག་བྱེད་སྟབས་བདེ་པོ་ཡོད་པར་བརྟེན་ཆེས་མང་པོ་གསོད་བཟུང་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་བྱ་འདི་ཕྱི་རྒྱལ་གཅན་གཟིགས་ཁང་སོགས་ལ་ཕྱིར་ཚོང་དང་བརྗེ་རེས་སོགས་བྱེད་ཀྱི་ཡོད་པ་དང༌། ད་ཆར་འཛམ་གླིང་གཅན་གཟན་ཁང་གང་མང་ནང་མཐོང་རྒྱུ་ཡོད་པ་རེད། བྱ་ཝང་ནི་སྟོངས་ལ་ཉེ་བའི་འདབ་ཆགས་རིགས་ཤིག་ཡིན་པས། རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཟིན་ཐོའི་ནང་ཚུད་ཡོད་པ་རེད།།
བྱ་ཝང་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.30-35
2 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.368
3 Microsoft Encarta Reference Library 2006
ཐེངས་ 42355 བཀླགས་འདུག