Donate

བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་རྐྱེན་འདས།

བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་རྐྱེན་འདས།

ཕྱི་ལོ་ ༢༠༡༧ ཟླ་ ༠༤ ཚེས་ ༢༥ ཉིན་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་ཁོར་ཡུག་སྲུང་སྐྱོབ་པ་ཚེ་དབང་སྐྱབས་ལགས་འདས་གྲོངས་ཕྱིན་འདུག་པ་དང་། ས་གནས་ཀྱི་ཡུལ་མི་ཚོས་རྒྱ་ནག་གཞུང་གིས་ཇུས་ངན་བཤམས་ཏེ་ཁོང་བཀྲོངས་ཡོད་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་འདུག              དེ་ཡང་འབྲེལ་ཡོད་གསར་ཁ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་ཡུལ་ཚོའི་མི་མང་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཡུལ་དེའི་གཉན་ཆེན་གོང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མྱུར་ཏུ་མཚམས་འཇོག་དགོས་པའི་ཞི་རྒོལ་གནང་སྐབས། ཞི་རྒོལ་སྣེ་འཁྲིད་པ་ཨ་མགོ་སྡེ་བའི་ཚེ་དབང་སྐྱབས། ཉི་མ་ལུང་གི་དོན་གྲུབ། རྟ་མགྲིན་སྐྱབས། ཝ་སྣ་མནའ་བཅད་སོགས་མི་དྲུག་བདུན་ཙམ་འཛིན་བཟུང་བྱས་ཏེ། རྫོང་ཉེན་རྟོག་ཁང་དུ་བཙན་འཁྲིད་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམས་ལ་རྒྱ་མིའི་ཉེན་རྟོག་པ་དང་། དམག་མི་སོགས་ཀྱིས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་རྗེས།  ཕྱིས་སུ་ ཀློད་གྲོལ་བཏང་ཡང་ཚེ་དབང་སྐྱབས་ལ་ནད་གཞི་ལྕི་མོ་ཞིག་བྱུང་སྟེ་དེ་མ་ཐག་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། དེ་རྗེས་རྫོང་དང་། ཁུལ། ཞིང་ཆེན་སོགས་ཀྱི་སྨན་ཁང་དུ་ཡུན་རིང་བསྟེན་གཏུག་བྱེད་དགོས་བྱུང་བར་མ་ཟད། ད་ལྟའི་བར་བོད་པའི་སྨན་པར་བསྟེན་ཏེ་སྨན་བཅོས་གང་ལེགས་བྱས་ཀྱང་། དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༧ ཟླ་ ༠༤ ཚེས་ ༢༥ ཉིན་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ད་ལོར་ཁོང་དགུང་ལོ་ ༥༤ ཙམ་ཡིན་སྐོར་བཀོད་འདུག

            གནས་ཚུལ་འབྱུང་ཁུངས་དག་གིས་འབྲེལ་ཡོད་གསར་ཁང་ཁག་ལ་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་ལ་དེ་ལྟ་བུའི་ནད་གཞི་ལྕི་མོ་ཕོག་རྗེས། ས་གནས་མི་མང་གིས་ཁོང་དང་། གནས་རི་སྲུང་སྐྱོབ་པ་རྣམས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་བཀག་ཉར་བྱེད་སྐབས་དུག་སྨན་བརྒྱབ་ཡོད་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཚེ་དབང་སྐྱབས་ལགས་ཡུན་རིང་ནད་ཀྱིས་མནར་ནས་ཁྱིམ་དུ་ལྷག་ཡོད་སྐབས། ས་གནས་མི་མང་གིས་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་ཆེད་ ༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་རོགས་ཞེས་སྤྱི་ཚོགས་དྲ་ལམ་འགའ་ནས་རེ་སྐུལ་ཞུ་མྱོང་ཡོད་པའི་གནས་ཚུལ་ཡང་ཡོད་པར་བཤད།

            ཡུལ་དེའི་གནས་སྟངས་དེ་ལྟར་ཛ་དྲགས་ཆེ་ན་ཡང་། དཔའ་ངལ་ཞུམ་པ་མེད་པའི་ས་གནས་མི་མང་གིས་ཞི་རྒོལ་མུ་མཐུད་ནས་གནང་བཞིན་ཡོད་པ་དང་། མི་མང་གི་འཐུས་མི་ཚོགས་པས་སྙན་ཞུ་ཐེངས་མང་ཕུལ་བར་བརྟེན། རྒྱ་གཞུང་ནས་གནས་སྐབས་རིང་གཏེར་ཁ་སྔོག་འདོན་མཚམས་བཞག་པ་ལྟ་བུ་བྱས་ཡོད་ཀྱང་།  ས་གནས་སྲིད་གཞུང་གིས་ཨ་མཆོག་མི་མང་གི་འཐུས་མི་ཚོགས་པ་དེ་ངོས་ལེན་མེད་ཚུལ་དང་། ཚོགས་པ་དེ་གང་མགྱོགས་མེད་པར་བཟོ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག་ཀྱག ཡུལ་མི་ཚོས་ད་ལྟའི་བར་དང་ལེན་གནང་མེད་པའི་སྐོར་འཁོད་འདུག

             ཞི་རྒོལ་གྱི་སྐབས་སུ་ཚོ་བ་བརྒྱད་ཀྱི་མི་མང་གིས་ས་གནས་དཔོན་པོ་ཚེ་ཁོ་དང་། ཀླུ་འབུམ་ཐར་ཟེར་བ་དེ་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབས་དང་སྤྱི་ཚོགས་འཆམ་མཐུན་ལ་གཏོར་བཤིག་བཏང་སྟེ། ཁྲིམས་འགལ་གྱི་བྱ་སྤྱོད་གང་མང་སྤེལ་ཡོད་སྟབས། ཏང་དང་རྒྱལ་ཁབ་ལ་དྲང་བདེན་གྱི་བཅའ་ཁྲིམས་ཤིག་ཡོད་ན་གང་མགྱོགས་ཀྱིས་ཡུལ་མི་ཉམ་ཆུང་ཚོའི་བདེན་པའི་ཞུ་འབོད་ལ་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་ཚུལ་ཡང་གསལ།

            དེ་ལྟར་རྒྱ་ནག་གཞུང་དང་། རྒྱ་མིའི་ཚོང་ལས་ཁང་ཆེ་ཁག་གིས་བོད་ཡུལ་སྟོད་སྨད་བར་གསུམ་གང་ས་ནས་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་ཕོན་ཆེན་སྐྲུན་པ་སོགས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པའི་ཛ་དྲགས་ཀྱི་གནས་སྟངས་འོག བོད་ཀྱི་ས་གནས་སོ་སོའི་མི་མང་རྣམས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སྐབས་བསྟུན་ངོ་སྒོལ་དང་། ཁྲིམས་གཏུགས་སོགས་གང་ནུས་ཅི་ལྕོགས་གནས་མུས་སུ་ཡོད་འདུག

ཐེངས་ 42653 བཀླགས་འདུག