Donate

རྒོ་བ་སྐོར།

རྒོ་བ་ནི་འོ་འཐུང་དང་རི་དྭགས་ཀྱི་སྡེ་རུ་གཏོགས་ཤིང༌། རྒོ་བ་ལ་རིགས་མི་འདྲ་བ་ ༡༦ ཙམ་ཡོད་ཅིང༌། ཕལ་ཆེ་བ་ནི་ལྷོ་ཨ་ཧྤི་རི་ཁ་དང་ཨེ་ཤི་ཡ་སོགས་ནང་འཚོ་གནས་བྱེད་ཅིང༌། དེ་ཡང་ས་མཐོའི་བོད་ཀྱི་རྒོ་བ་ནི་བོད་ས་སྟོད་སྨད་བར་གསུམ་གྱི་མཐོ་ཚད་མི་ཊར་ ༤༠༠༠ ཡས་མས་ཀྱི་བྱང་ཐང་དང༌། སྤང་ལྗོངས། རི་ཀླུང་སོགས་སུ་འཚོ་གནས་བྱེད་པ་དང༌། ཟས་སུ་གཙོ་བོ་རྩྭ་ལྡུམ་དང༌། སྔོ་ཟས་ཁོ་ན་ཟ་ཡི་ཡོད།

 རྒོ་བ།བོད་ཀྱི་རྒོ་བ་ནི་ཧི་མ་ལ་ཡའི་རི་རྒྱུད་སོགས་སུ་ཉུང་ཤས་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། སྲོག་ཆགས་འདི་རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་འདུས་སྡོད་བྱེད་ཀྱི་ཡོད་ལ། ཁེར་རྐྱང་དུ་གནས་སྡོད་བྱེད་མཁན་ཡང་ཡོད་པ་རེད།

འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་བོད་ཀྱི་རྒོ་བ་ནི་ས་ཁུལ་ངེས་ཅན་ཞིག་ལ་འཚོ་གནས་བྱེད་པ་ལས་ཡུལ་གཞན་ལ་དེ་ཙམ་གནས་སྤོ་བྱེད་ཀྱི་མེད་པ་དང༌། རྒྱུག་པའི་ཚེ་མགྱོགས་པོ་ཡོད་ཅིང༌། སྐེ་དང་རྐང་ལག་རིང་པོ་དང༌། རྔ་མ་ཅུང་ཐུང་ཐུང་ཡོད་པ་སོགས་གསལ་འདུག

རྒོ་བ་ནི་ལུས་ཀྱི་རིང་ཚད་ལ་སན་ཊི་མི་ཊར་ ༡༠༥ ཙམ་དང༌། མཐོ་ཚད་ལ་སན་ཊི་མི་ཊར་ ༦༥ ཡོད་ཅིང༌། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་ ༢༠ ལྷག་ཙམ་ཡོད། བོད་ཀྱི་རྒོ་བའི་ལུས་ཀྱི་སྤུ་མདོག་སྒལ་གཞུང་ཁམ་སྐྱ་ཡིན་ཞིང༌། འཕོངས་དཀར་སྐྱ་དང༌། སྤྱིའི་སྤུ་མདོག་ཐལ་སྐྱ་དང་སྐྱ་དཀར་སོགས་ཡོང་གི་ཡོད་པ་དང༌། ད་དུང་རྒོ་བའི་སྤུ་མདོག་ནི་གནས་ཡུལ་གྱི་ས་མདོག་དང་ཆེས་འདྲ་པོ་ཡོད།

རྒོ་བ་ཕོའི་མགོ་ལ་ར་ཡོད་ཅིང༌། རིང་ཚད་ལ་སན་ཊི་མི་ཊར་ ༥ ལྷག་ཙམ་ཡོང་གི་ཡོད། སྤྱིར་རྒོ་བ་རིགས་ཀྱི་གཟུགས་ཚད་ཆེ་ཤོས་དེ་སུ་ཌན་དུ་ཡོད་ཅིང༌། ལུས་ཀྱི་མཐོ་ཚད་ལ་མི་ཊར་ ༡ ཙམ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༣༥ ནས་ ༧༠ བར་ཡོད། རྭ་དང་ལུས་ཀྱི་སྤུ་མདོག་ཡང་བོད་ཀྱི་རྒོ་བ་དང་མི་འདྲ་ཞིང༌། ལུས་ཀྱི་སྤུ་ཁྲ་ཁྲ་ལྟ་བུ་དང༌། རྭ་གཉིས་ཀྱི་རྩེ་ནས་མདུན་ལ་གུག་ཡོད་པ་རེད། དེ་བཞིན་ལྷོ་ཨ་ཧཕི་རི་ཁ་ཡུལ་ལ་འཚོ་གནས་བྱེད་བཞིན་པ་དེ་གཟུགས་སྟོབས་ཆུང་ཞིང༌། སྐེ་དང་རྔ་མ་ཅུང་རིང་པོ་ཡོད། ད་ཆར་ཆེས་གྲངས་འབོར་ཉུང་ཉུང་ཆགས་ཡོད་པ་རེད།

བོད་ཀྱི་རྒོ་བའི་ཆགས་འཕེལ་དུས་ཚོད་ཕྱི་ཟླ་དང་པོ་ཙམ་དང༌། མངལ་སྦྲུམ་གྱི་དུས་ཡུན་ཟླ་བ་ ༥ ལྷག་ཡིན་ཞིང༌། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གྲངས་གཅིག་ལྷག་སྐྱེ་ཡི་མེད། རྒོ་བ་ནི་ཁ་ཟས་ཆེད་དུ་རྔོན་རྒྱག་ཆེས་མང་པོ་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་སྤུ་པགས་སོགས་ཐོན་རྫས་དང་མཁོ་སྤྱོད་ཆེན་པོ་ཡོད། བོད་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་དབྱིན་ཡིག་དེབ་ནང་གསལ་བ་ལྟར་ན་བོད་ཀྱི་རྒོ་བ་གྲངས་འབོར་འབུམ་གཅིག་ཙམ་ཡོད་པ་ཨ་རི་བ་སྲོག་ཆགས་རིག་པ་ལྗོར་ལྗི་ཤི་ལས་བཤད་པ་ལུང་འདྲེན་བྱས་འདུག

བོད་ཀྱི་རྒོ་བ་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་འཁོད་པ་དང༌། རྒྱ་ནག་ནང་རིམ་པ་གཉིས་པའི་སྲུང་སྐྱོབ་གྲས་དང༌། རྒྱ་གར་ནང་རིམ་པ་དང་པོའི་གྲས་སུ་ཡོད་པ་རེད།།

རྒོ་བའི་སྐོར་དཔྱད་གཞིའི་ཡིག་ཆ།
1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.111-114
2 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.336
3 Microsoft Encarta Reference Library 2006
4 The Endangered Mammals of Tibet (2004 DIIR) P.44,45
5 Photo: By reurinkjan

ཐེངས་ 42304 བཀླགས་འདུག