Donate

གླང་ཆེན་སྐོར།

གླང་ཆེན་ནི་སྲོག་ཆགས་ནང་ནས་གཟུགས་དང་སྟོབས་རྩལ་ཆེས་ཆེ་ཤོས་ཡིན་པ་དང༌། སྲོག་ཆགས་འདི་འོ་འཐུང་རྩྭ་གཟན་གྱི་རིགས་སུ་གཏོགས་ཤིང༌། དེ་ཡང་ལོ་ས་ཡ་སྔོན་ནས་ཡོད་པའི་གདོད་མའི་སྲོག་ཆགས་ཤིག་ཡིན་པར་བཤད།

གླང་ཆེན།གླང་ཆེན་ཞེས་པའི་སྲོག་ཆགས་འདི་བོད་པ་ཚོས་མཚོན་དོན་བཟང་པོ་ཞིག་རྩི་སྲོལ་ཡོད་པ་དང༌། དཔེར་ན་ཆོ་ག་ཆོས་ལུགས་ཀྱི་བྱེད་སྒོའི་སྐབས་མཆོད་པའི་རྫས་ནང་གླང་ཆེན་གྱི་གཟུགས་བརྙན་བེད་སྤྱོད་བྱེད་སྲོལ་ཡོད་པས་རྒྱལ་སྲིད་སྣ་བདུན་དང༌། མཐུན་པ་སྤུན་བཞི་ལྟ་བུ་རེད།

དུང་དཀར་ཚིག་མཛོད་ཆེན་མོའི་ནང་རྒྱལ་སྲིད་སྣ་བདུན་གྱི་འགྲེལ་བཤད་གླང་པོ་རིན་པོ་ཆེ་ནི་མཆེ་བ་དྲུག་དང་ལྡན་པ་སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་ཕལ་པ་སྟོང་གི་སྟོབས་མངའ་བ། ཤིན་ཏུ་མགྱོགས་ཁྱད་དང་ལྡན་པ་གླང་ཆེན་ས་སྲུང་བུ་ལྟ་བུའོ་ཞེས་དང༌། དེ་བཞིན་གླང་པོ་ཆེའི་ཡན་ལག་བདུན་ཟེར་བའི་གླང་ཆེན་སྐོར་བཤད་པ་མདོར་བསྡུས་ཤིག་ཡོད་པས། དེ་ནི་རྐང་ལག་བཞི་ལྡན། མཇུག་མ་གསེག་པ་དང༌། ཕོ་མཚན་འདོམས་ཀྱི་བར་ན་འདུག་པ་དང༌། སྣ་ལེགས་པར་གནས་པ་སྟེ་བདུན་ནོ་ཞེས་སོགས་གསལ་འདུག

སྤྱིར་གླང་ཆེན་ལ་རིགས་གཉིས་ཡོད་པས་ཨེ་ཤི་ཡ་འམ་རྒྱ་གར་དང༌། ལྷོ་ཨ་ཧཕི་རི་ཁ་གཉིས་སུ་གནས་པ་རིགས་མི་འདྲ་བ་གཉིས་སུ་ཕྱེ་ཡི་ཡོད། རྒྱ་གར་གྱི་གླང་ཆེན་རིགས་དེ་ལྷོ་ཤར་ཨེ་ཤི་ཡ་འབར་མ་དང་སེངྒ་ལ། ཐའི་ལན་ཌི། རྒྱ་གར་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། གཟུགས་པོའི་མཐོ་ཚད་ཕི་ཊི་བཅུ་ཙམ་ཡོད་པས་ལྷོ་ཨ་ཧཕི་རི་ཁའི་གླང་ཆེན་ལས་ཅུང་ཆུང༌། ཨ་ཧཕི་རི་ཁའི་གླང་ཆེན་ནི་གཅན་གཟིགས་ཁང་ཕུད་གཞན་འཚོ་གནས་བྱེད་ས་གཙོ་བོ་དེ་ཨ་ཧཕི་རི་ཁའི་བྱེ་ཐང་ས་ཧ་ར་ཟེར་བའི་ལྷོ་ཕྱོགས་ཀྱི་ཤིང་ནགས་དང༌། བྱེ་ཐང་སོགས་སུ་འཚོ་གནས་བྱེད། གཟུགས་པོའི་མཐོ་ཚད་ལ་ཕི་ཊི་ ༡༣ ཙམ་ཡོད། ད་དུང་གླང་ཆེན་འདི་རིགས་ཀྱི་གཟུགས་པོའི་མཐོ་ཚད་ཕི་ཊི་ ༡༥ ཟིན་པ་ཡོང་གི་ཡོད།

སྲོག་ཆགས་འདི་རིགས་ལ་དམིགས་བསལ་ཁྱད་ཆོས་མང་པོ་ལྡན་ཡོད་པ་དང༌། དཔེར་ན་བཟའ་འཐུང་དང༌། བྱ་འགུལ་གཙོ་བོ་སྣ་ཁུག་རང་གིས་བྱེད་པ་དང༌། སྣ་ཁུག་ནི་ཆེས་ནུས་ཤུགས་ཆེ་ཞིང་ཤིང་སྡོང་རིགས་རྩ་གཏོར་གཏོང་ཐུབ་པའི་སྟོབས་རྩལ་ལྡན་ཡོད། ཁ་ཟས་གཙོ་བོ་རྩྭ་དང༌། ཤིང་ལོ། སྔོ་ཟས་རིགས་བཟའ། ཉིན་རེ་སྔོ་ཟས་རིགས་སྤྱི་རྒྱ་ ༢༠༠ ཙམ་བཟའ་ཡི་ཡོད་པ་དང༌། ཆུ་སྤྱི་རྒྱ་ ༡༩༠ ཙམ་འཐུང་གི་ཡོད། གླང་ཆེན་མང་ཆེ་བ་མཆེ་བ་ཆེས་རིང་པོ་ཡོད་པ་དང༌། རིགས་གཅིག་ལ་མཆེ་བ་མེད་ཅིང༌། མོ་ལ་ཡང་མཆེ་བ་རིང་པོ་མེད། ཕོའི་མཆེ་བ་ནི་ཆེས་མཁྲེགས་པོ་དང་རིང་པོ་ཡོད། ལྷོ་ཨ་ཧཕི་རི་ཁའི་གླང་ཆེན་ཕོའི་མཆེ་བ་རིང་ཚད་ཕི་ཊི་ ༡༡ ཙམ་ཡོད་པ་དང༌། ཁ་ནང་སོ་བཞི་ཡོད་པས་དེ་ཚོའི་རིང་ཚད་ལ་སན་ཊི་མི་ཊར་ ༣༠ ཙམ་དང༌། ཞེང་ཚད་ལ་སིན་ཊི་མི་ཊར་ ༡༠ ཡོད། སྲོག་ཆགས་འདིའི་པགས་པ་ནི་ཆེས་འཐུག་པོ་ཡོད་པས་མཐུག་ཚད་ལ་སན་ཊི་མི་ཊར་ ༣ ཙམ་ཡོང་གི་ཡོད།

པགས་པའི་སྒང་ལ་སྤུ་སྲབ་པོ་ཞིག་སྐྱེས་ཡོད། རང་ཉིད་ཀྱི་སྣས་གཟུགས་པོའི་ཚ་བ་སེལ་ཆེད་ཆུ་ཡང་ཡང་གཏོར་ཏེ་ཁྲུ་ཡི་ཡོད་ལ། ལྷོ་ཨ་ཧཕི་རི་ཁ་དང་རྒྱ་གར་གྱི་གླང་ཆེན་གཉིས་བར་ལ་མི་འདྲ་བའི་ཁྱད་པར་གཙོ་བོ་དེ་རྣ་ཅོག་ཡིན་ཞིང༌། ལྷོ་ཨ་ཧཕི་རི་ཁའི་གླང་ཆེན་རྣ་ཅོག་ཆེས་ཆེན་པོ་ཡོད་པས་རིང་ཚད་ལ་ཕི་ཊི་ལྔ་ཡོད་པ་དང༌། རྣ་ཅོག་སངས་ཤིང༌། གཡུག་ཙམ་བྱེད་པ་ཙམ་གྱིས་ལུས་ལ་རླུང་བརྒྱབ་སྟེ་རང་ཉིད་ཀྱི་ལུས་ལ་བསིལ་པོ་བཟོ་ཐུབ་ཀྱི་ཡོད། མིག་གི་མཐོང་ནུས་ཅུང་ཞན། ལྷོ་ཨ་ཧཕི་རི་ཁའི་གླང་ཆེན་ལ་ནང་གསེས་རིགས་གསུམ་ཙམ་ཡོད་ལ། དེ་དག་ས་ཆ་གནས་ཡུལ་གྱི་ཁྱད་པར་ཙམ་ལས་གཟུགས་དབྱིབས་དང་འཚོ་བའི་གོམས་གཤིས་གཅིག་མཚུངས་ཡིན། ལྷོ་ཨ་ཧཕི་རི་ཁའི་གླང་ཆེན་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་ ༧༠༠༠ ལྷག་ཡོད་པ་དང༌། རྒྱ་གར་གྱི་གླང་ཆེན་ལྗིད་ཚད་ལ་སྤྱི་རྒྱ་ ༥༠༠༠ ཙམ་ལས་མེད།

སྤྱིར་གླང་ཆེན་རིགས་ནི་གོམ་པ་སྤོ་སྟངས་ཆེས་ལྷོད་པོ་དང་དལ་པོ་ཡོད་ཅིང༌། ཉིན་གཅིག་ལ་སྤྱི་ལེ་ ༤ ཙམ་གནས་སྤོ་བྱེད་ཀྱི་ཡོད་པ་དང༌། སྤྱི་ལེ་ ༤༠ ལྷག་བརྒལ་ནས་ཕལ་ཆེར་འགྲོ་སྐྱོད་བྱེད་ཀྱི་མེད། གླང་ཆེན་རྣམས་རྒྱུན་དུ་འཆམ་མཐུན་དང་གཅན་གཟན་གྱིས་གནོད་འཚེ་དང་དཀའ་ངལ་འཕྲད་སྐབས་གཅིག་ཕན་གཅིག་གྲོགས་བྱེད་པའི་གོམས་གཤིས་ཡོད་ལ། དེའི་ནང་ནས་གླང་ཆེན་མོས་སེང་གེ་གཙོས་པའི་གཅན་གཟན་རིགས་ལ་གདོང་ལེན་ཁ་གཏད་མང་བ་གཅོག་གི་ཡོད། དེ་བཞིན་གླང་ཆེན་མོས་སྣེ་ཁྲིད་དེ་ཁྱུ་ཚོགས་ ༡༠ ནས་ ༡༥ ཙམ་བསྡུས་ནས་མཉམ་དུ་འགྲོ་འོང་བྱེད། ཁོང་ཚོའི་རྩྭ་བཟའ་ཆུ་འཐུང་ནི་ཞོགས་པ་དང༌། ཉིན་རྒྱབ། མཚན་མོ་སོགས་སུ་ཡིན་ཞིང༌། ཉིན་གུང་ངལ་གསོ་རྒྱག་གི་ཡོད། གླང་ཆེན་བར་ལ་འབྲེལ་མཐུད་ནི་སྐད་ཅོར་བརྒྱབ་པ་གཅིག་པུ་མིན་པར་དྲི་སྣོམ་སོགས་བྱས་ཏེ་འབྲེལ་མཐུད་བྱེད་ཐུབ་ཀྱི་ཡོད། གླང་ཆེན་མོའི་གྲུས་རྩ་ནི་ལོ་ ༡༥ དང་ ༡༦ སླེབས་རྗེས་ལངས་ཀྱི་ཡོད།

གྲུས་རྩ་ལངས་སྐབས་ཕོ་མོ་གཉིས་གཅིག་པུ་ཁྱུ་ཚོགས་ནས་བདུན་ཕྲག་ཁ་ཤས་ཟུར་དུ་དོན་གྱི་ཡོད། འཁྲིག་སྦྱོར་བྱས་རྗེས་ཟླ་བ་ ༢༡ དང་ ༢༢ ནང་གླང་ཕྲུག་སྐྱེ་ཡི་ཡོད་ཅིང༌། ཐེངས་རེ་ལ་གླང་ཕྲུག་རེ་རེ་བཙའ། གླང་ཆེན་མོའི་འཚོ་གནས་རིང་གླང་ཕྲུག་ ༥ ནས་ ༡༢ བར་སྐྱེ་འཕེལ་བྱས། རྒྱ་གར་ནང་གླང་ཆེན་འགའ་ཞིག་མིས་བདག་སྐྱོང་བྱས་ཏེ་བཞོན་པ་དང་ཤིང་རྟ་འདྲུད་དུ་འཇུག་པ་སོགས་སྐྱེལ་འདྲེན་ལ་བཀོལ་སྲོལ་ཡོད་ལ། རྒྱ་གར་སོགས་ཡུལ་ཕྱོགས་འགར་ད་ལྟ་ང་ཚོས་མཐོང་རྒྱུ་ཡོད། ཨ་ཧཕི་རི་ཁའི་ཡུལ་གྱི་གླང་ཆེན་དེ་དག་མིས་བཀོལ་སྤྱོད་བྱེད་ཀྱི་མེད།

ཨེ་ཤི་ཡའི་ནང་གླང་ཆེན་གྲངས་འབོར་བཞི་ཁྲི་ཙམ་ཡོད་པ་དང༌། དེའི་ནང་ནས་གྲངས་འབོར་ཕྱེད་ཙམ་རྒྱ་གར་ནང་ཡོད། ལྷོ་ཨ་ཧཕི་རི་ཁའི་ནང་གྲངས་འབོར་ཉིས་འབུམ་ལྔ་ཁྲི་ཙམ་ཡོད་པར་བཤད། གླང་ཆེན་མང་ཆེ་བ་མཆེ་བའི་ཆེད་དུ་རྔོན་རྒྱག་དང་ལྐོག་གསོད་བྱེད་ཀྱི་ཡོད། ལྷག་པར་དུ་བོད་པས་གླང་ཆེན་གྱི་མཆེ་བས་བཟོས་པའི་ཕྲེང་བ་དང༌། ཐེབ་སྐོར། ལག་གདུབ་སོགས་རྒྱན་ཆས་རིགས་དང༌། མཆོད་ཆས་ཌ་མ་རུ་སོགས་བཟོ་སྲོལ་ཡོད་པ་དང༌། དེའི་རིགས་རིན་ཐང་ཡང་ཆེས་ཆེ།

འདས་པའི་ལོ་ ༢༠ ལྷག་ནང་རྒྱ་གར་ནང་གླང་ཆེན་མཆེ་བ་ནག་ཚོང་བྱེད་མཁན་ལག་ནས་མཆེ་བ་གྲངས་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང༌། བོད་པ་འགའ་ཤས་རྡོར་གདན་དང་ཝ་ར་ཎ་སི་སོགས་ནས་བ་སོའི་ཕྲེང་བ་སོགས་གླང་ཆེན་མཆེ་བའི་རྒྱན་ཆས་རིགས་ཉོས་ཏེ་ཕྱིར་བོད་དུ་ལོག་སྐབས་བལ་ཡུལ་སོགས་ལམ་བར་ནས་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་དང་བཀག་ཉར་སོགས་བྱེད་པའི་དོན་རྐྱེན་མི་ཉུང་བ་ལྷགས་ཀྱི་ཡོད། ཨེ་ཤི་ཡའི་གླང་ཆེན་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་ཚུད་པ་དང༌། རྒྱ་གར་སོགས་གླང་ཆེན་དེ་རིགས་ཡོད་སར་རྒྱལ་ཁབ་ཁག་གི་ནང་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་གཞིར་བཟུང་སྲུང་སྐྱོབ་ཀྱི་ལས་དོན་བྱེད་བཞིན་ཡོད་པ་རེད།།

གླང་ཆེན་སྐོར་དཔྱད་གཞིའི་ཡིག་ཆ།
1 དུང་དཀར་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༢ P.579
2 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌།ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.335-336
3 Microsoft Encarta Reference Library 2006
4 Wildlife Crime (wpsi1998) P.57,58

ཐེངས་ 42560 བཀླགས་འདུག