Donate

ཁོར་ཡུག་སློབ་གསོ།

རྩོམ་པ་པོ། སྐྱུ་རའི་མི་རྒན་བསམ་གཏན་རྣམ་རྒྱལ་

རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པ་ནི། །རང་དོན་མ་ཟད་འཛམ་གླིང་སྤྱི་དོན་ཡིན། །རང་གི་སྙིང་གཏམ་དུང་དཀར་སྒྲ་དབྱངས་འདི། །རང་གཞན་ཀུན་གྱིས་སྙིང་ལ་འཆང་ན་ལེགས། །དེ་ཡང་རང་བྱུང་ཁམས་ལ་གཅེས་སྤྲས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། གཙང་སྦྲ་འཕྲོད་བསྟེན་སྤེལ་རྒྱུ་བཅས་ནི། འཛམ་གླིང་ཧྲིལ་པོ་ཆགས་འཇིག་གི་འགག་རྩར་ཐུག་པའི་དོན་ཆེན་ཞིག་དང་། འགྲོ་བ་མིའི་རིགས་ཀྱི་ལུས་ཁམས་བདེ་ཐང་ཡོང་མིན་དང་།  ཚེ་སྲོག་ཡུན་དུ་བརྟན་ཐུབ་མིན་གྱི་འགག་རྩར་ཐུག་པའི་དོན་ཆེན་ཞིག་རེད། དེའི་ཕྱིར་འཛམ་གླིང་རྒྱལ་ཁབ་སོ་སོ་དང་། ཁྱད་པར་རང་རེ་རྒྱལ་ཁབ་ཀྱིས་གནད་དོན་འདིར་དམིགས་ནས། རྩ་བའི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་ཕབ་གནང་བ་དང་། ཀྲུང་དབྱང་ནས་ས་གནས་བར་རིམ་པ་སོ་སོ་ལ། ཁོར་ཡུག་སྲུང་སྐྱོབ་དང་། གཏེར་ཁ་དོ་དམ་དང་།  ནད་ཡམས་འགོག་བཅོས་བཅས་ཀྱི་ལས་ཁུངས་ཆེད་དུ་བཙུགས་པ་དང་། གཏེར་ཁ་བསྔོག་འདོན་བྱེད་རྒྱུའི་ཐད་ལའང་། ཁ་ཅིག་མཚམས་འཇོག་པ་དང་། ཁ་ཅིག་ཚོད་འཛིན་བྱེད་པ་བཅས་ཀྱི་ཐབས་ཇུས་བཏོན་པ་དང་། མཐོ་སྒང་དུ་སྡོང་འཛུགས་ནགས་བསྐྲུན་དང་རྩྭ་འདེབས་ལྗང་བསྒྱུར་བྱེད་རྒྱུའི་ཐབས་ཇུས་རབ་དང་རིམ་པ་བཏོན་ཡོད་པ་དང་། དམངས་ཁྲོད་ནས་ཀྱང་མང་ཚོགས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་བཙུགས་པ་བཅས་ཀྱི་བྱ་ཐབས་བཟང་པོ་ཞིག་སྤེལ་བའི་མགོ་ཚུགས་ཡོད་པ་རེད། ཡིན་ནའང་། ང་ཚོས་རྒྱལ་ཁབ་ལ་ཁག་བཀལ་བ་དང་།  ལས་ཁུངས་ལ་འགན་བཀྲི་བ་དང་། མི་འགའ་ཤས་ཤིག་གི་ལས་འགན་ཡིན་པར་སྙམ་ནས་བསྡད་ན་མི་འཐུས་ཏེ།  ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ་འཕྲོད་བསྟེན་གྱི་བྱ་བ་ནི། རྙོག་འཛིང་ཅན་དང་། དཀའ་ངལ་ཅན་དང་། རྒྱུན་རིང་རང་བཞིན་ཅན་ཡིན་པས། རིགས་སོ་སོའི་མི་དམངས་ཡོངས་རྫོགས་སྐུལ་སློང་བྱས་ནས། ཚང་མས་རྡོག་རྩ་གཅིག་སྒྲིལ་དང་། དཔུང་པ་མཉམ་གཤིབ་ཀྱིས་བྱ་འགུལ་འདི་སྤེལ་དགོས་ངེས་རེད། དེ་བས་ཀྱང་གལ་ཆེ་བ་ནི། གཞོན་ནུ་ལོ་ཆུང་རྣམས་ལ་སློབ་གསོ་བྱས་ནས། ང་ཚོའི་མི་རབས་རྗེས་མ་རྣམས་ལ།  ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བརྟན་པོ་ཞིག་ཆགས་ཐུབ་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དེའི་ཕྱིར་ངས་ཞུ་རྒྱུ་ནི།
དང་པོ། ང་ཚོ་གནས་པའི་ཁོར་ཡུག་འདི་ལ་ཁྱད་ཆོས་ག་འདྲ་ཞིག་ལྡན་ཡོད་དམ།
སྤྱིར་རང་བྱུང་ཁམས་། སྤྱིར་རང་བྱུང་ཁམས་ཞེས་པ་ནི།འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་རྣམས་ཡིན་ལ། དེ་རྣམས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་འཇིག་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་འཆི་ཀུན་ལ་དབང་སྒྱུར་བའི་དབང་པོ་ཆེ་ཡིན་ཚུལ། མདོ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན།།དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་འདི་དག་བརྟེན།།ཞེས་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། གཞན་ཡང་རྒྱ་ནག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་དག་པ་གསེར་གྱི་མདོ་ཐིག་ལས། དང་པོ་སྲིད་ནས་བར་དུ་ཆགས།།ཐ་མ་འཇིག་ཀྱང་འབྱུང་བས་འཇིག།འབྱུང་བ་བྱ་བའི་དབང་པོ་ཆེ།།འགྲོ་བ་རིགས་དྲུག་སེམས་ཅན་གྱི།།རྐྱེན་དང་རྒྱུ་དང་ས་བོན་རྣམས།།ཞེས་སོགས་དང་། གསོ་རིག་རྒྱུད་བཞི་ལས། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས།།འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།།ཞེས་པ་སོགས་མདོ་རྒྱུད་བསྟན་བཅོས་ཀུན་ལས་རྒྱ་ཆེར་གསུངས་པ་དེ་དག་འདིར་མི་སྤྲོ་ལ།  རྣམ་དཔྱོད་ཀྱི་མིག བློ་གྲོས་ཀྱི་ནོར། ཤེས་འདོད་ཀྱི་མོས་པ་དང་ལྡན་པ་རྣམས་ཀྱིས་ནི། མདོ་ཕལ་པོ་ཆེ་དང་། དྲན་པ་ཉེར་བཞག་དང་། དགའ་བོ་མངལ་འཇུག་གི་མདོ་དང་། དུས་འཁོར་གྱི་རྒྱུད་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་དང་། འཇིག་རྟེན་གདགས་པ། མངོན་པ་གོང་འོག  གཞན་ཡང་གསོ་རིག་གི་གཞུང་དང་། གཙུག་ལག་རྩིས་ཀྱི་གཞུང་ལུགས་རྣམས་སུ་གཟིགས་པར་ཞུ། མདོར་ན་འབྱུང་བ་ནམ་མཁ་(མཁའ་)ནི་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་པས་འབྱུང་བ་གཞན་ཀུན་གྱི་གྲོགས་སུ་གྱུར་པ་ཡིན་ལ།  ས་ཆུ་མེ་རླུང་བཞི་ནི་གཅིག་གིས་གཅིག་ལ་གེགས་བྱེད་པ་ཡིན་པས་འགལ་བ་ཡིན་ལ། གཅིག་ལ་གཅིག་རྟེན་གྱིས་རྒྱུན་ནུས་མཚུངས་སུ་འགྲོགས་པ་ཡིན་པས་གྲོགས་སམ་ཟླ་བོ་ཡིན་པ་སྟེ། འགལ་ཟླ་གཅིག་འདུས་ཀྱི་སྒོ་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་ཆགས་པ་དང་། གནས་པ་དང་། འཇིག་པའི་རྒྱུ་བྱེད་པ་ཡིན་ནོ།། དེས་ན་རང་བྱུང་ཁམས་དང་རང་བྱུང་ཁོར་ཡུག་གཉིས་ནི་སྤྱི་དང་བྱེ་བྲག་གི་ཁྱད་ཙམ་ལས་དོན་དུ་ངོ་བོ་བདག་གཅིག་ཏུ་གྲུབ་པ་ཡིན་པ་དང་།  ནང་བཅུད་སེམས་ཅན་གྱི་རྣམ་ཤེས་དང་ཚེ་སྲོག་གི་རྟེན་གཞི་(གཞིར་)གྱུར་པའི་ལུས་ཀྱི་ཕུང་པོའང་འབྱུང་བ་ལྔ་འདུས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་ཁམས་དྲུག་ལྡན་གྱི་མི་ལུས་ཞེས་གྲགས་ལ། རྒྱུད་བཞི་ལས།  ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། ཞེས་གསོ་བྱ་ལུས་དང་། གསོ་བྱའི་ནད་དང་། གསོ་བྱེད་གཉེན་པོ་གསུམ་ཡང་འབྱུང་བ་ལྔ་ལ་བརྟེན་པའི་ཕྱིར་བདག་གཅིག་འབྲེལ་ཡིན་ནོ། །
བྱེ་བྲག་ང་ཚོ་གནས་པའི་ཁོར་ཡུག་གི་ཁྱད་ཆོས། ང་ཚོ་གནས་པའི་ཁོར་ཡུག་གི་ཁྱད་ཆོས་ནི། སྤྱིར་འཛམ་གླིང་གི་ས་ཆ་སོ་སོར་རང་རང་གི་ཁྱད་ཆོས་དང་དགེ་མཚན་ཁྱད་པར་ཅན་ཡོད་ཀྱང་། ཁྱད་པར་དུ་འཛམ་གླིང་ས་ཡི་རྩེ་མོར་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། རི་བོ་ཧི་མ་ལ་ཡི་ (ཡའི་)རི་བརྒྱུད། ཆུ་ཀླུང་ཆེན་པོ་རྨ་འབྲི་ཟླ་གསུམ་གྱི་འབྱུང་ཁུངས། མདོ་ཁམས་སྟོད་ཀྱི་ས་ཡི་ཐིག་ལེའམ་མདོ་དབུས་མཐོ་སྒང་གི་ས་ཆ་འདི་ནི། གནམ་ཨ་སྔོན་གཡའ་དག་ཅིང་གནམ་འཕང་མཐོ་བ།  དགུང་ཉི་ཟླ་འོད་གསལ་ཞིང་བཀྲག་མདངས་ཆེ་བ། རི་མཐོ་ཞིང་ས་གཙང་བ། ཆུ་དྭངས་ཤིང་བཅུད་ཆེ་བ། རི་དྭགས་དང་གཡུང་དྭགས། གཅན་གཟན་དང་འདབ་ཆགས་སྣ་ཚོགས་ཀྱིས་ཕྱུག་པ། གསེར་དངུལ་ཟངས་ལྕགས་སོགས་རིན་ཐང་ཆེ་བའི་གཏེར་ཁ་དང་། རྩ་བ་དང་སྡོང་བུ། ལོ་མ་དང་མེ་ཏོག་འབྲས་བུ། ས་སྨན་ཆུ་སྨན། རྡོ་སྨན་སོགས་རྩ་ཆེན་སྨན་རྫས་བཅས་ཀྱིས་ས་འོག་ས་སྟེང་ཐམས་ཅད་གང་བ། དུས་བཞིའི་ཁྱད་ཆོས་གསལ་བས་རླུང་མཁྲིས་བད་ཀན་གསོག་ལྡང་ཞི་གསུམ་གྱི་ནུས་པ་ལྡན་པ། མཁའ་དབུགས་དྭངས་ཤིང་གཙང་བས་འགོ་བའི་ནད་རིགས་དཀོན་པ་སོགས་སྟེང་ལྷ་ཡུལ་གྱི་དགའ་ཚལ་དང་།  འོག་ཀླུ་རྒྱལ་གྱི་ཕོ་བྲང་ལས་ཀྱང་ཁྱད་དུ་འཕགས་པའི་མི་ཡུལ་གྱི་ཞིང་ཁམས་ཤིག་ཡིན་ཏེ། སྟོད་འབྲོག་ས་ལ་རྩྭ་ཆུ་ལྷས་གསུམ་འཛོམས་པ། སྨད་རོང་ས་ལ་ས་གཞིས་མཁར་གསུམ་འཛོམས་པ། རིན་ཆེ་བའི་གསེར་དངུལ་དང་། འགང་ཆེན་གྱི་སྨན་རྫས་དང་། རྩ་ཆེན་གྱི་སྲོག་ཆགས་དང་། ཐ་ན་ཤ་མོང་དང་ཚོད་མ། གྲོ་མ་དང་ཚྭ་ལོ། ཚྭ་དང་བུལ་ཏོག་ཡན་ཆད་མཁོ་རྒུའི་ལོངས་སྤྱོད་ཐམས་ཅད། ས་འདི་ལ་གནས་པ་དང་། ས་འདི་ལས་འབྱུང་བའི་ཕྱིར་རང་རེའི་དཔལ་འབྱོར་གྱི་འབྱུང་ཁུངས་དང་། འཚོ་བའི་གཞི་རྟེན་ཡིན་པས་རང་རིགས་ཀྱི་མི་ཤེས་ཡོད་བསམ་ལྡན་རྣམས་ཀྱིས། དགོས་འདོད་ཀུན་འབྱུང་གི་ས་ཆ་ཞེས་པ་དང་། གཡང་ས་ནོར་བུ་འདྲ་བའམ། གཡང་ས་དྲིན་ཆེན་ཕ་མ་ཞེས་པའི་བསྔགས་བརྗོད་ཀྱི་སྙན་ཚིག་མ་ཎི་བགྲང་བགྲང་བྱེད་བཞིན་(པ་)ཡིན་ལ། མངོན་པར་བརྗོད་པའི་བསྟན་བཅོས་ལས། གསེར་གྱི་ས་གཞི། ནོར་གྱི་བློ་གྲོས། ནོར་འཛིན། དབྱིག་འཛིན་ཞེས་ཆེ་བའི་མིང་གིས་བསྔགས་པའང་དངོས་གནས་སྒྲ་བཤད་འཇུག་གཉིས་ཀ་ཡོད་པའི་མིང་ཞིག་ཡིན་པར་སྙམ། མ་ཟད་འཛམ་གླིང་མི་རིགས་ཀུན་གྱིས་ཡིད་སྨོན་བྱེད་པའི་ཡུལ་ཁམས་ཤིག་ཡིན་པས་མཐོང་བ་ཀུན་སྨོན་གྱི་ཡུལ་ཞེས་གྲགས་པའང་དོན་དང་ལྡན་པ་ཁོ་ནའོ།།
ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་རྒྱུན། དེ་ལྟ་བུ་དགེ་མཚན་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་འདི་ཉིད་སྲུང་སྐྱོབ་བྱེད་པའི་ཐད་ལའང་། གནའ་རབས་གཡུང་དྲུང་བོན་གྱི་རིག་གཞུང་སྟེ། དེ་ཡང་བོད་རྗེ་གཉའ་ཁྲི་བཙན་པོའི་དུས་སུ། མི་ཁྱིམ་ཞིག་གི་བུ་ལོ་བཅུ་གསུམ་ཅན་ཞིག་བོར་སོང་བ་མི་ལོ་བཅུ་གཉིས་ཀྱི་རིང་ལ་བཙལ་ཀྱང་མ་རྙེད། མཐར་ཁོ་རང་རང་ལོ་ཉེར་ལྔ་ལ་སླེབས་པའི་དུས་སུ། ཉིན་ཞིག་གར་བྱུང་མེད་པ་གློ་བུར་དུ་ཐོན་ཡོང་བ་རེད་ཟེར། མི་རྣམས་ཀྱིས་ཁྱོད་གར་སོང་དྲིས་པས་ང་ལྷ་འདྲེ་དང་མཉམ་དུ་བསྡད་པ་ཡིན་ཟེར། དེ་ནས་ཁོས་ཕུ་ཡ་ཀའི་བྲག་ལ་བཙན་གནས་ཡོད། མདའ་མ་གའི་ཆུ་མིག་ལ་ཀླུ་གནས་ཡོད་པ་སོགས། ས་ཐོ་ཐོ་དང་། རྡོ་ཙུག་ཙུག ཤུག་པ་གཡག་རྔ་ཙམ་དང་། ཆུ་མིག་ཕོར་ཁ་ཙམ་ཡན་ཆད་ལ་ལྷ་འདྲེ་ག་གེ་མོ་རེ་གནས་ཡོད། དེ་དག་ལ་ཕོག་ཐུག་གམ་གནོད་པ་ཤོར་ན་མི་ལ་ན་ཚ་དང་། ཕྱུགས་ལ་གོད་ཁ་སོགས་མི་འདོད་པ་སྣ་ཚོགས་འབྱུང་རབས་དང་། དེ་དག་བཅོས་པའི་ཐབས་ལ་གཏོ་དང་ཡས་འདི་དང་འདི་འདྲ་དགོས་རབས་བཅས་མང་པོ་བཤད་པ་རེད། ཁོས་བཤད་པ་དེ་བདེན་མིན་ཇི་ལྟར་ཡང་རུང་སྟེ། དེའི་དུས་ཀྱི་མི་རྣམས་ཀྱིས་ཧ་ཅང་ཡིད་ཆེས་དགོས་པའི་ར་སྤྲོད་བྱུང་བར་བརྟེན། རི་བྲག་དང་ཆུ་མིག རྩི་ཤིང་ནགས་ཚལ་སོགས་ལ་ཕོག་ཐུག་ཤོར་དོགས་བྱས་པ་དེས་ཁོར་ཡུག་སྲུང་སྐྱོབ་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།  དེའི་རྗེས་བོད་རྗེ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་སྟེ། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་དར། དེའང་སངས་རྒྱས་ཆོས་ལུགས་ནི་གཞན་ལས་ཁྱད་དུ་འཕགས་པའི་འཕགས་ཆོས་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་སྟེ།  འཚེ་མེད་བརྩེ་བའི་རང་བཞིན་ཅན་ཡིན་པས།  གཞན་གནོད་གཞིར་བཅས་སྤང་བ་དང་།  གཞན་ཕན་གཞིར་བཅས་བླང་བ་ནི། སངས་རྒྱས་ཆོས་ཀྱི་རྩ་བ་ཡིན་པ་མ་ཟད། སྙིང་པོའང་དེ་ཡིན་པས་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་རྩ་བ་འདི་ལས་གྱེས་ཤིང་། སྙིང་པོ་འདིར་འབབ་པ་ཞིག་ཡིན་པའི་ཕྱིར། ཆོས་ཀྱི་ཁྲིམས་ལའང་།  དགེ་སློང་གིས་ས་བརྐོ་བ་དང་། རྩྭ་གཅོད་པ་མི་ཆོག་པ་དང་།  ཟས་ཀྱི་འབག་ལྷག་སོགས་མི་གཙང་བའི་དངོས་པོ་རྣམས་གཞན་གྱིས་ལོངས་སྤྱོད་པའི་ཆུ་དང་རྩྭ་ཐང་དུ་འདོར་མི་ཆོག་པ་ཡན་ཆད་ཕྲ་ཞིབ་ཀྱི་ཁྲིམས་བཅས་ཡོད་པ་དང་། སྐྱེ་བོ་ཕལ་བ་རྣམས་ལ། ཕུ་རི་རབ་ལ་མེ་བཀྱེས་པ་དང་། མདའ་རྒྱ་མཚོ་ལ་དུག་བཏབ་པ་ནི་ཉེས་པའམ་སྡིག་པ་ཤིན་ཏུ་ཚབས་ཆེ་བ་ཡིན་པ་སོགས་གསུངས་པ་བཅས་ཀྱི་རྒྱུ་མཚན་ནི། གནས་སྐབས་གཞི་དེར་བརྟེན་ཞིང་གནས་པའི་མི་དང་སྲོག་ཆགས་གྲངས་མེད་པ་ལ་གནོད་པ་དང་། མཐར་ཐུག་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཐེབས་ནས་འཛམ་གླིང་ཧྲིལ་པོར་གནོད་འཚེ་འབྱུང་བ་འགོག་པའི་ཆེད་དུ་སྟེ། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དགོན་པ་སོ་སོ་ལའང་། བཀག་རི་རྔོན་རྒྱ། རྐུན་རྒྱ་ཇག་ཁྲིམས་ཞེས་དགོན་པའི་ཉེ་སྐོར་ནས་རི་དྭགས་རྔོན་པ་དང་། འདབ་ཆགས་དང་ཉ་གསོད་པ་བཅས་བྱེད་མི་ཆོག་པ་དང་། གང་བྱུང་གིས་ས་བརྐོ་བ་དང་། རྡོ་སློག་པ་དང་།  ཤིང་འཐུ་བ་དང་། ཆུ་ཀླུང་གི་འོལ་ཀ་བསྒྱུར་བ་སོགས་མི་ཆོག་པའི་ཁྲིམས་བཅས་པ་འདི་དག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད། གཞན་ཡང་། གསོ་བ་རིག་པ་དང་། གཙུག་ལག་རྩིས་ཀྱི་གཞུང་ལུགས་བཅས་ལ་བརྟེན་ནས། ང་ཚོའི་ཕ་མེས་ཡང་མེས་རྒན་རབས་རྣམས་ཀྱིས་ཕྱི་རབས་ཀྱི་བུ་ཚ་རིགས་བརྒྱུད་རྣམས་ལ། མི་ཉན། མི་རུང་། མི་ཕོད་གསུམ་གྱི་སློབ་གསོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་དབང་གིས། རང་རེ་བོད་ཀྱི་མི་རིགས་ལ་བླ་ན་མེད་པའི་གཤིས་སྤྱོད་བཟང་པོ་ལྡན་པ་སྟེ། ཕྱི་ཐག་རིང་ཞིང་ངོ་ལྐོག་ཐུབ་པ། ཡབ་མེས་རྒན་རབས་ཀྱི་ངག་ལ་ཉན་པ། ཧམ་སེམས་ཆུང་ཞིང་ཆོག་ཤེས་ཆེ་བའི་རྒྱུ་མཚན་གྱིས། རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ཏེ་རང་བྱུང་ཁོར་ཡུག་གི་དངོས་པོ་ལ་ལོངས་སྤྱོད་དང་བེད་སྤྱོད་བྱེད་པ་ལས། དོན་མེད་ཀྱི་ཆུད་ཟོས་དང་།  དགོས་མེད་ཀྱི་གཏོར་བརླག་མི་བྱེད་པ་དང་། ཕོག་ཐུག་ཤོར་བ་སླ་བའི་རི་བྲག་དང་ནགས་ཚལ། ཆུ་མིག་བཅས་ལ་གནོད་འཚེ་མི་བྱེད་པ་དང་། སྲོག་ཆགས་དང་མི་གཞན་གྱིས་ལོངས་སྤྱོད་པའི་ཆུ་དང་རྩྭ་ཐང་བཅས་ལ་སྦག་བཙོག་མི་བཟོ་བ་དང་། ཐ་ན་སེན་མོ་བཅད་པ་དང་སོ་བར་འབྲུ་བྱེད་ཀྱི་ཤིང་སོགས་ཀྱང་ས་འོག་སྦ་བ་སོགས་བྱེད་པ་ལས་རང་གར་མི་འདོར་བ། རང་ཉིད་དང་ཁོར་ཡུག་བར་གྱི་འབྲེལ་བ་གཅིག་ལ་གཅིག་བརྟེན་གྱིས་ཆ་སྙོམས་པོར་བཞག་པ་བཅས་ཡིན་པས། བོད་ཀྱི་རིག་གཞུང་ནི་དངོས་གནས་ཚན་རིག་གི་རྩ་བ་ཡིན་པ་དང་། དེང་རབས་ཚན་རིག་པས་གསར་རྟོགས་བྱུང་བ་ཐམས་ཅད་བོད་ཀྱི་རིག་གཞུང་དང་མཐུན་པར་ཡིན་པ་མ་ཟད། ད་སྐབས་ཚན་རིག་པས་མ་རྟོགས་པའི་གསང་བ་ལྐོག་གྱུར་རྣམས་ཀྱང་རིམ་གྱིས་བོད་ཀྱི་རིག་གཞུང་དང་མཐུན་པ་འབྱུང་ངེས་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བ་(བར་)སྤོབས་སོ།།
གཉིས་པ། དེང་སྐབས་ཁོར་ཡུག་གི་གནས་ཚུལ།
དེང་སྐབས་ཁོར་ཡུག་གི་གནས་ཚུལ་གང་འདྲ་ཡིན་ནམ་ཞེ་ན། ༡ ཉེ་ལམ་ལོ་ཤས་རིང་ལ། ས་ཆ་གཞན་ནས་ཡོང་བའི་མི་རིགས་ཐ་དད་པ་ཉུང་ཤོས་ཤིག་སྤྱང་ལྟོགས་ཤ་ལ་རྔམས་པ་བཞིན་དུ་རྒྱུགས་ཡོང་ནས། གཡོ་ཐབས་ངན་དགུ་ཕུད་དེ།  རྩ་ཆེན་གྱི་རི་དྭགས་ལྐོག་ནས་བརྔོན་པ་དང་། ཚོད་མེད་སྒོས་གཏེར་ཁ་འདོན་པ་མ་ཟད་མིའི་ཚེ་སྲོག་ལའང་གནོད་འཚེ་གཏོང་བ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་ངན་བྱས་པ་དང་། མི་རིགས་རང་ཉིད་ཀྱི་ནང་གི་མི་ཧམ་སེམས་ཅན། རང་ཉིད་ལ་འབྱོར་པ་ཅི་ཙམ་ཡོད་ཀྱང་སེམས་ཁ་གང་རྒྱུ་མེད་པ། ཡོད་ཅིང་ཡོད་ལ་དགོས་རྒྱུ་ཇེ་མང་། མི་དགོས་པ་ལ་གཅིག་ཀྱང་མེད་པ་ཆེས་ཉུང་ཤོས་ཤིག་གིས།  གནས་སྐབས་ཀྱི་ཁེ་ཕན་ཕྲན་བུ་ཙམ་ལ་བལྟས་ནས། ཁོར་ཡུག་གཏོར་བརླག་གི་བྱ་ངན་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་སོགས་རང་ཉིད་གནས་སྐབས་ཀྱི་མགྲོན་པོ་ལྟ་བུ་ཞིག་ལས། བུ་ཚ་ཡང་ཚ་མི་རབས་མི་བརྒྱུད་ཐམས་ཅད་ས་ཆ་འདིར་གཏན་སྡོད་བྱེད་མཁན་མ་ཡིན་པ་ལྟ་བུ་བྱས་པ་དང་། གཞན་ཡང་། མི་གྲངས་མང་དུ་ཕྱིན་པ་དང་། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བར་བརྟེན། གཞུང་ལམ་བཟོ་བ་དང་།  ཟམ་པ་འཛུགས་པ། སྤྱི་སྒེར་གྱི་ཁང་པ་རྒྱག་པ། གློག་འདོན་པ། བཟོ་གྲྭ་འཛུགས་པ་ལ་སོགས་པའི་ཆེད་དུ། ཤིང་དང་། ས་རྡོ། བྱེ་མ་དང་ཆུ་ཡན་ཆད་དགོས་མཁོ་ཇེ་ཆེར་སོང་བའི་དབང་གིས། ནགས་ཚལ་གཅོད་པ་ཐལ་ཆེས་པ་དང་། གཏེར་ཁ་བསྔོག་པ་ཚོད་མེད་པ་དང་། ག་ས་གང་ལ་ས་དོང་བརྐོས་པ་དང་། བྱེ་མ་སློག་ནས་ཆུ་ཀླུང་གི་འོལ་ཀ་བསྒྱུར་བ་དང་། དེ་མིན་མི་ཕལ་ཆེར་གྱིས་རང་ལ་ཕན་ཁེ་སྤུ་ཙམ་མེད་ཅིང་། དགོས་དོན་མེད་པ་གད་སྙིགས་གཞུང་ཆུའི་ནང་དུ་ཕོ་བ་དང་། རྡུལ་དྲེག་ཅན་གྱི་གོས་ཆུ་མིག་ནང་དུ་བཀྲུ་བ་དང་། ཐ་ན་ཟ་འཕྲོ་འཐུང་ལྷག་དང་ཁ་ལུད་སྣབས་ལུད་དང་། གཅིན་སྐྱག་ཡན་ཆད་ག་ས་ག་ལ་འདོར་བ་དང་གཞུང་ཆུའི་ནང་དུ་ཕོ་བ་དང་།  གཞོན་ནུ་འགའ་ཞིག་གིས་ཡབ་མེས་རྒན་རབས་རྣམ་པས་མི་ཉན་མི་རུང་མི་ཕོད་གསུམ་གྱི་སློབ་གསོ་མཛད་པ་དེ་དག་ནི་རྨོངས་དད་ཀྱི་འཆལ་གཏམ་ཁོ་ནར་བརྩིས་ནས། མི་ཉན་རྒྱུ་ཅི་ཡོད། མི་རུང་བ་ཅི་ཡོད། མི་ཕོད་རྒྱུ་ཅི་ཡོད་སྙམ་པའི་སྙིང་ཁམས་རི་རབ་ཙམ་བཅངས་ནས། ས་གཉན་བརྐོ་བ། རྡོ་གཉན་སློག་པ། ཤིང་གཉན་བཅད་པ། ཆུ་གཉན་དཀྲུག་པ། ཐ་ན་གཞུང་ལམ་དང་། སྤྱི་གླིང་དང་། ལམ་འགྲམ་གྱི་གློག་སྒྲོན་ཡན་ཆད་བཅག་དཀྲུག་དང་གཏོར་བརླག་བྱེད་པ་བཅས། ཕྱི་ཡི་ཁོར་ཡུག་དང་ནང་རང་ཉིད་ཀྱི་བར་ལ་རྟེན་དང་བརྟེན་པའི་འབྲེལ་བ་ཅུང་ཟད་ཙམ་ཡང་མེད་པ། ལྟོས་མེད་རང་ཚུགས་ཅན་ཞིག་ཡིན་པའི་ཚུལ་གྱི་གོམས་གཤིས་ངན་པ་ཆགས་ཡོད་པ་རེད།
༢ དེའི་མཐའ་འབྲས་ནི་རྩ་ཆེན་གྱི་རི་དྭགས་ཇེ་ཉུང་དུ་སོང་བ་མ་ཟད། ལ་ལ་རྩ་མེད་དུ་འགྲོ་ལ་ཁད་དང་། ས་ཁུལ་ལ་ལར་མི་ཡི་འཐུང་ཆུའང་དཀའ་ངལ་ཆེན་པོ་བྱུང་བ་དང་།  ལ་ལར་ཆུ་ཡོད་ཀྱང་བཙོག་པར་གྱུར་ནས་འཐུང་མི་ལོ་བ་སོགས། མདོར་ན། ལྟ་ན་སྡུག་པའི་ནགས་ཚལ་སྟོང་ལ་ཉེ་བ། ཡིད་དུ་འོང་བའི་སྤང་ལྗོངས་ས་ནག་ལ་བསྒྱུར་བ། བདེ་ཞིང་ཆེ་བའི་ཐང་ཆེན་འོབ་འབུར་གཤོང་གསུམ་དུ་བསྒྱུར་བ། དྭངས་ཤིང་བསིལ་བའི་ཆུ་ཀླུང་འདམ་རྫབ་ཏུ་བསྒྱུར་བ་སོགས་ཀྱི་རྐྱེན་གྱིས། རང་བྱུང་ཁམས་ཆེན་པོས་བཀའ་ཡི་ཆད་པ་དྲག་པོ་བབས་ཏེ།  འཛམ་གླིང་གི་ས་ཆ་སོ་སོར། ས་གཡོ་བ་དང་། ཆུ་ལོག་རྒྱུགས་པ་དང་། མེ་ཐན་བྱུང་བ་དང་། རང་རེའི་ས་ཆ་ལའང་།  དབྱར་གསུམ་ཐན་པས་གདུང་བ།  ཐོག་དང་སེར་བ་རྒོད་པ། དགུན་གསུམ་གངས་ཐན་འབབ་པ། རླུང་དང་གྲང་ལྷགས་ཆེ་བ།  འགོས་ནད་ཀྱི་རིགས་སྔར་མེད་གསར་དུ་བྱུང་བ། ས་བཅུད་ཡུལ་བཅུད་ཉམས་པ། སྨན་རྫས་ཀྱི་ནུས་པ་ཞན་པ་སོགས་ཀྱི་སྣང་ཚུལ་ལ་བལྟས་ན། མི་སེམས་ཆུང་ཁ་ཅིག་གི་སྣང་ངོར།    འཇིག་རྟེན་ཧྲིལ་པོ་འདི་ཉིད་མྱུར་དུ་འཇིག་འགྲོ་བའི་སྐྲག་སྣང་ཤར་ཞིང་། ནམ་ཟླ་དུས་ཚོད་གང་ལ་བལྟས་ཀྱང་ལོ་རེ་ལས་ལོ་རེ་ཇེ་ངན་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་སྨྲེ་ངག་འདོན་པ་ཐོས་སོ།།དེའི་ཕྱིར་(ན་)ངས་(ངའི་)བསམ་ཚུལ་ནི། ང་ཚོ་ཚང་མས། ཉི་མ་དེ་རིང་ནས།    དུས་ད་ལྟ་ཉིད་ནས། བྱ་སྤྱོད་སྡུག་ཅག་དང་། གོམས་གཤིས་ངན་པ་དེ་དག་བཅོས་བསྒྱུར་བྱས་ནས། རང་གི་གནས་ཁང་དང་འདྲ་བ་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་དང་། རང་གི་གཟུགས་པོ་དང་འདྲ་བ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་གཙང་སྦྲ་མ་བྱས་ན།  གནས་སྐབས་སུ་རང་བྱུང་གི་གནོད་འཚེ་རྒྱུན་མི་ཆད་པ་འབྱུང་བ་དང་། མཐར་ཐུག་ང་ཚོའི་མི་རབས་རྗེས་མ་ལ། ཡར་བལྟས་ན་བྲག་རི་ནག་མདུང་ངེ་བ་ཞིག་དང་། མར་བལྟས་ན་གྲམ་ཐང་སྐྱ་སྒོག་གེ་བ་ཞིག་ལས་ཅི་ཡང་འཇོག་རྒྱུ་མེད་པ་ཞིག་ཡོང་བའི་ཉེན་ཁ་ཆེན་པོ་གནས་འདུག་སྙམ་མོ།།

རང་རེ་བོད་ཀྱི་ལོ་རྒྱུས་རིང་མོའི་ནང་།།

རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཚུལ།།
རང་རིགས་སྙིང་གི་དབུས་ནས་ཕྱུང་བ་འདི།།
རང་མཉམ་རྣམས་ལ་གྲོས་འདེབས་ཚུལ་དུ་ཕུལ། ། ཅེས་སྐྱུ་རའི་མི་རྒན་བསམ་གཏན་རྣམ་རྒྱལ་གྱིས་བསམ་པ་བཟང་པོས་སྐུལ་མ་གཏོང་བའི་ཚུལ་དུ་ཕུལ་བ་ལགས་པས་མཐོ་དམན་དྲག་ཞན་ཀུན་གྱིས་གསན་བཞེས་མཛད་རོགས་ཞུ་ཞུ།། །།

ཁྱུང་པོ་བདེན་འཚོལ་བོད་ཡིག་དྲ་བ་ལས་དྲངས།

ཐེངས་ 42473 བཀླགས་འདུག