རི་སྐྱེས་སྲོག་ཆགས་སྐོར་སྤྱི་བཤད།
སའི་གོ་ལ་འདིའི་ཐོག་སྲོག་ཆགས་རིགས་མི་འདྲ་བ་ས་ཡ་གཅིག་དང་ཕྱེད་ཙམ་ཡོད་པ་དང༌། རིགས་གཅིག་རྩ་སྟོངས་སུ་འགྲོ་ཡི་ཡོད་ཅིང༌། རིགས་གཅིག་གསར་དུ་སྐྱེ་འཕེལ་ཡང་བྱེད་བཞིན་ཡོད། ཡར་ཐོག་བསྐལ་པའི་དུས་སུ་མི་དང་སྲོག་ཆགས་ཚང་མ་རང་བྱུང་ཁམས་ཆེན་པོ་ལ་འཆམ་མཐུན་ངང་རང་འདོད་ཅི་གར་རོལ་བཞིན་ཡོད་ཅིང༌། རིམ་བཞིན་མིའི་འགྲོ་བ་འཕེལ་རྒྱས་བྱུང་བ་དང་བསྟུན། འགྲོ་བ་མིའི་རིགས་ལ་བློ་རིག་དང་ལག་རྩལ་སོགས་སེམས་ཅན་གཞན་ལས་ལྷག་པས། བཀོལ་སྤྱོད་སླ་བའི་རི་སྐྱེས་སྲོག་ཆགས་བ་གླང་དང༌། རྟ་དྲེལ། འབྲི་གཡག ར་ལུག ཁྱི་ཕག བྱ་དེ་སོགས་སྒོ་ཕྱུགས་སུ་གསོ་ཉར་བྱས་ཏེ་མིའི་དགོས་མཁོ་དང་འཚོ་གནས་ཀྱི་ཆེད་དུ་རི་སྐྱེས་སྲོག་ཆགས་མང་པོར་གཡུང་དྭགས་སུ་བཀོལ་སྤྱོད་བྱས་པ་དང༌། དེ་རྗེས་བདག་ཡོད་དང་བདག་མེད་དམ་རི་དྭགས་དང་གཡུང་དྭགས་ཞེས་སྲོག་ཆགས་ལ་རིགས་གཉིས་སུ་ཕྱེ་དགོས་པ་ཆགས་ཡོད་ཅིང༌། སྤྱིར་སྲོག་ཆགས་རིགས་ལ་སྒོ་ཕྱུགས་སམ་གཡུང་དྭགས་དང༌། རི་དྭགས། གཅན་གཟན། འདབ་ཆགས། འབུ་སྲིན། ཆུ་གནས་སོགས་སྐམ་གཤེར་གཉིས་ཀ་ལ་གནས་པ་བཅས་ཀྱི་རིགས་སུ་མ་འདུས་པ་མེད། དེ་བཞིན་སྲོག་ཆགས་ཀྱི་ནང་གསེས་རིགས་ལ་འོ་འཐུང་དང༌། སྡེར་མོ་ཅན། རྐང་བཞི། རྐང་མང༌། རྐང་གཉིས། རྐང་དྲུག ལྟོ་འགྲོ། རྨིག་པ་ཁ་འབྲག མཆེ་བ་ཅན། རྨིག་ཟླུམ། རྭ་ཅན། རྒལ་རུས་ཅན། རྒལ་ཚིགས་མེད་པ་སོགས་ཀྱི་དབྱེ་བ་འབྱེད་ཚུལ་ཡོད་ལ། རི་སྐྱེས་སྲོག་ཆགས་སམ་བདག་མེད་སེམས་ཅན་ལ་ནང་གསེས་དབྱེ་ཚུལ་མི་འདྲ་བའི་རིགས་མདོར་ཙམ་བསྟན་པ་ལ། དཔེར་ན་ང་ཚོ་བོད་པའི་བཤད་རྒྱུན་ལྟར་ན་རི་དྭགས་རྣམས་ཆུ་ལ་མཆུ་བཙུགས་ནས་འཐུང་བས་ན་རི་དྭགས་དང༌། ལྕེས་ལྡག་ནས་འཐུང་བ་ལ་གཅན་གཟན་ཞེས་ཟེར་ཏེ་དབྱེ་བ་འབྱེད་ཅིང་ངོས་འཛིན་བྱེད་ཀྱི་ཡོད། སྐབས་རེར་རི་དྭགས་ཞེས་པའི་ཐ་སྙད་འདི་རི་སྐྱེས་སྲོག་ཆགས་སྤྱི་ལ་གོ་བ་ཡོང་གི་ཡོད། སྤྱིར་རི་དྭགས་ཀྱི་རིགས་ནི་རྩྭ་ཟ་ཁོ་ནར་རོལ་ཞིང༌། གཅན་གཟན་ཀྱི་རིགས་ནི་ཕལ་ཆེ་བ་དམར་ཟས་ལ་བརྟེན་ནས་འཚོ་བཞིན་ཡོད། ང་ཚོའི་བོད་ཀྱི་རྩ་ཆེན་སྲོག་ཆགས་དོམ་ཁྲ་ལྟ་བུ་དོམ་རིགས་དང་གཅན་གཟན་གྱི་ཁོངས་སུ་གཏོགས་ཀྱང་ཤ་གཟན་རིགས་མིན། དེང་སང་ཚན་རིག་ནས་བཤད་པའི་འོ་འཐུང་སྲོག་ཆགས་ནི་རི་དྭགས་དང་གཅན་གཟན་གཉིས་ཀར་གོ་ཆོག་གི་ཡོད་པ་ཡིན། ཅི་ཡིན་ཟེར་ན་ཁོང་ཚོ་ཐོག་མར་སྐྱེ་འཕེལ་སྐབས་མའི་འོ་མ་ལ་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད་པས་འོ་འཐུང་སྲོག་ཆགས་ཞེས་ཟེར། ཆུ་གནས་སྲོག་ཆགས་ནང་འོ་འཐུང་ཅན་ཡང་ཡོད། སྡེར་མོ་དང་མཆེ་བ་ཅན་ནི་གཅན་གཟན་དང་ཤ་གཟན་རིགས་ཁོ་ནར་མ་གཏོགས་གོ་ཡི་མེད་ལ་གཅན་གཟན་རིགས་ཚང་མར་རྣོ་ངར་ལྡན་པའི་སྡེར་མོ་དང་མཆེ་བ་ལྡན་ཡོད། རྐང་བཞི་ནི་སྲོག་ཆགས་རྐང་པ་བཞི་ཡོད་པའི་དུད་འགྲོ་སྤྱིའི་གོ་དོན་ཡིན་པ་དང༌། རྐང་མང་དང་རྐང་དྲུག་ཅན་ནི་འབུ་སྲིན་དང་ཆུ་གནས་སྲོག་ཆགས་རིགས་འགའ་ཤས་ཡོད། རྐང་གཉིས་ནི་བྱ་བྱིའུ་རིགས། རྨིག་པ་ཁ་དབྲག་དང་རྭ་ཅན་ནི་མང་ཆེ་བ་རིགས་གཅིག་ཡིན་པས་རི་དྭགས་དང་རྩྭ་གཟན་སྲོག་ཆགས་སྤྱིའི་མིང་ཡིན་ཞིང་སྲོག་ཆགས་འདིའི་རིགས་ལ་རྨིག་པ་ཁ་གཉིས་སུ་གྱེས་ཡོད། རྨིག་ཟླུམ་ཞེས་པ་ནི་རྐྱང་དང་རྟ་དྲེལ་སོགས་ལ་གོ་ཡི་ཡོད་པ་བཤད་ཅིང་རྨིག་པ་ཕྱོགས་གཅིག་ཏུ་སྒྲིལ་ཡོད་པ་རེད། དེ་བཞིན་ཚན་རིག་པས་བཤད་སྲོལ་ལྟར་ན་འོ་འཐུང་རིགས་ཕལ་ཆེ་བ་རྒལ་རུས་ཅན་གྱི་ཁོངས་སུ་གཏོགས་ཤིང༌། རྒལ་རུས་མེད་པའི་རིགས་ནི་འབུ་སྲིན་དང་ཆུ་གནས་སྲོག་ཆགས་འགའ་ཤས་ཡོད་པ་རེད། ལྟོ་འགྲོའི་རིགས་ནི་ལྟོ་བར་བརྟེན་ནས་འགྲོ་མཁན་རིགས་ལ་གོ་ཞིང༌། དཔེར་ན་སྦྲུལ་གཙོས་པའི་འབུ་སྲིན་རིགས་འགའ་ཤས་ལྟོ་འགྲོའི་རིགས་ཀྱི་གྲས་སུ་གཏོགས་པ་དང༌། སྐམ་གཤེར་གཉིས་ཀ་ལ་གནས་མཁན་རིགས་ནི་ཆུ་སྲིན་དང༌། རུས་སྦལ། ཆུ་རྟ་སོགས་ཡིན་པ་རེད།
བོད་ཀྱི་སྲོལ་རྒྱུན་ནང་སྲོག་ཆགས་སྐོར་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པས། དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས། ¿སྲོག་ཆགས་རྣམས་དགུ་གསུམ་ཉི་ཤུ་རྩ་བདུན་དུ་དབྱེ་སྟེ་གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། བར་ལ་འགྲིམ་དགུ་¿ཞེས་བཤད་སྲོལ་ཡོད་ཅིང༌། དེ་ཡང་¿གནམ་ལ་འཕུར་དགུ་ནི་ཀུན་ཟིལ་གནོན་པའི་བྱ་རྒྱལ་ཁྱུང་ཆེན། དབྱར་དགུན་མཚམས་འབྱེད་སྒྲ་རྒྱས་གཡུ་འབྲུག འཕུར་རྩལ་ནམ་འཕང་གཅོད་པའི་རྒོད་པོ། སྐད་སྙན་དུས་ཀྱི་ཚོད་འཛིན་ཁུ་བྱུག དུག་འཇོམས་སྤུ་སྒྲོ་མཛེས་པའི་རྨ་བྱ། དྲན་གསལ་མི་སྐད་སྨྲ་བའི་ནེ་ཙོ། ཉིན་ཞག་དུས་ཚོད་ཤེས་པའི་ཁྱིམ་བྱ། ལྷ་མིའི་འཕྲིན་སྐྱེལ་ལྕེ་བདེའི་ཕ་ཝང༌། གང་ལ་ཐོགས་མེད་འཕུར་ཤེས་རྫི་བྱ་དང་དགུའོ་¿ཞེས་དང༌། དེ་བཞིན་¿ས་ལ་འཛུལ་དགུ་ནི། ཤེས་བྱ་ཀུན་མཁས་སྐྱེ་འགྲོའི་གཙོ་མཆོག་མི། ཤུགས་ཆེན་བཀྲ་ཤིས་རྫས་བརྒྱད་དུང་དཀར། དུས་འཁོར་ཆགས་ཚུལ་ལྡན་པའི་རུས་སྦལ། རྐང་ལག་ནང་སྦལ་འགྲོ་ཤེས་སྦྲུལ་ནག དགུན་དུས་ཉལ་ཆོག་སྒོམ་ལྡན་འཕྱི་བ། མི་གཙང་གྲིབ་སེལ་ཚངས་ལྡན་གྲུམ་པ། རིག་རྣོ་གཞན་སེམས་ཤེས་པའི་སྲེ་མོང༌། ཀུན་ཤེས་ཚོད་ལ་མཁས་པའི་ཅོ་ག ལུས་སྐེད་སྲ་ཡང་རྩལ་ཆེན་གྲོག་མ་དང་དགུའོ་¿ཞེས་དང༌། ¿བར་ལ་འགྲིམ་དགུ་ནི། རྩལ་གྱི་སྡེར་ལྔ་ཟིལ་གནོན་སེང་གེ། སྤུ་རིས་བཀྲག་གསལ་གཅན་རྒྱལ་སྟག་མོ། ཞེ་སྡང་དཔའ་གཏུམ་ལྡན་པའི་དོམ་ནག མཛངས་བློ་ལྡན་ཞིང་དབང་མང་བའི་དྲེད་མོང༌། མི་སྤྱོད་ཅི་བསླབ་ཤེས་པའི་སྤྲེའུ། མགྱོགས་འགྲོས་བང་རྩལ་ལྡན་པའི་རྟ་མཆོག བརྒྱ་བྱིན་ཆིབས་གྱུར་ཐེག་སྟོབས་གླང་ཆེན། དགོས་པ་བཞི་ཚང་མི་ལ་དྲིན་ཆེ་བའི་ལུག ལོ་རེར་བཅུ་ཕྲག་རྒྱས་པའི་རྭ་ལྡན་ཤྭ་བ་དང་དགུ་འོ་¿ཞེས་དང༌། ¿གཞན་ཡང་རྭ་དང་སྡེར་ལས་དབྱེ་བ་ཁག་གཅིག་ནི་སྡེར་མོ་ཅན་གྱི་རྩྭ་ཟན་སྤུན་གསུམ། རྭ་བཞི་ཅན་གྱི་ཤ་ཟན་སྤུན་གསུམ་ཞེས་པ་དང༌། ཕོ་རྭ་མོ་རྭ་གསུམ། ཕོ་ཡུ་མོ་ཡུ་གསུམ། ཕོ་རྭ་མོ་ཡུ་གསུམ་ལྟ་བུ་ཡིན། འདིར་རྩྭ་ཟན་སྤུན་གསུམ་ནི། སྤང་རྩྭར་སྤྱོད་མཁན་ཐང་དཀར་རྒོད་པོ་དང༌། ལྷ་བྱ་གོང་མོ། འདམ་རྩྭར་སྤྱོད་མཁན་ངང་པ་སེར་པོ་གསུམ་ལ་གོ་¿ཅེས་དང༌། ¿ཤ་ཟན་སྤུན་གསུམ་ནི་དབྱར་ཁའི་ཤྭ་ཕོས་བྱེའུ་སྒོ་ང་ཟ། གཡང་དཀར་ལུག་གིས་སྦལ་པ་ཟ། མདོ་ཕྲུག་རྟ་ཡིས་དམར་ཆས་ཟ་བར་གོ་དགོས་¿ཞེས་དང༌། ¿ཕོ་རྭ་མོ་རྭ་གསུམ་ནི། འབྲོང༌། གཉན། གནའ་གསུམ་དང༌། ཕོ་ཡུ་མོ་ཡུ་གསུམ་ནི། རྐྱང༌། གླ་བ། རི་བོང་གསུམ། ཕོ་རྭ་མོ་ཡུ་གསུམ་ནི། གཙོད། ཤྭ་བ། དགོ་བ་གསུམ་ལ་ཡིན་ཞེས་པའོ།¿ཞེས་སོགས་རི་སྐྱེས་སྲོག་ཆགས་སྐོར་གྱི་དོན་སྙིང་ལྡན་པའི་སྲོལ་རྒྱུན་གྱི་བཤད་སྲོལ་ལོ།།
དེ་བཞིན་མདོ་དྲི་མེད་གཟི་བརྗིད་དེབ་ཕྲེང་གཉིས་པ་ལས། ¿སྔོན་སྲིད་པ་ཆགས་པའི་རུ་མ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཅུད་ལས། ནང་བཅུད་ཀྱི་སེམས་ཅན་ཆགས་ཏེ། དེ་ཡང་འོད་གསལ་ལྷ་ལས་རིམ་པར་གྲོལ་ནས། གླིང་བཞི་མི་ཞེས་བྱ་བ་བྱུང་ངོ༌། དེ་ལས་ལྷོ་འཛམ་བུ་གླིང་གི་མི་ལ། ཕྲག་དོག་ཆེ་བ་རྫུ་འཕྲུལ་ཅན་དང༌། གཏི་མུག་ཆེ་བ་སྟོབས་ལྡན་དང༌། འདོད་ཆགས་ཆེ་བ་འོད་ཆེན་དང༌། ཞེ་སྡང་ཆེ་བ་སྒྲག་ཅན་དང་བཞི་ལས། རིགས་བརྒྱད་དུ་གྱེས་ནས་ལྷོ་འཛམ་བུ་གླིང་གི་བཅུད་དུ་ཆགས་ཏེ། དེ་ཡང་སྒྲ་གཅན་འཛིན་གྱི་བུ་ཞེ་སྡང་ཅན་གྱི་སྲིན་པོ་དང༌། སྟོབས་ལྡན་གྱི་བུ་གཏི་མུག་ཅན་གྱི་ཕག་རྒོད་གཉིས། ནགས་ཚལ་གསེབ་ཏུ་བཤོས་པ་ལས། འཇིགས་སུ་རུང་བའི་སེམས་ཅན། སྤུ་མཚན་སྣ་ཚོགས་ཀྱིས་བརྒྱན་པ། སྤྱན་མིག་ཟབ་པ། གདོང་ཐུབ་པ། རྣ་མཆོག་རྣོ་བ། མཆེ་བ་བསྣོལ་བ། རྔ་མ་ཁྱུག་པ། ཟེལ་ཟོག་མཐོ་བ། སྦར་མོ་བགྲད་པ། ཞེ་སྡང་ཆེ་བ། གཏི་མུག་རྨོངས་པ། ཤ་ལ་དགའ་བ། ཁྲག་ལ་དད་པ། དམར་ལ་སྲེད་པ། མ་མཐོང་འཇབ་པ། མཐོང་ན་རྒོལ་བ། དེ་ལྟ་བུ་ཅིག་བྱུང་བས། མིང་ཡང་གཅན་གཟན་རྔམ་པ་ཞེས་བྱ་བར་བཏགས་སོ། དེ་དང་དུག་གསུམ་ཉོན་མོངས་གཏིང་ཕུལ་པས། རང་བཞིན་དྲོད་ལས་སྐྱེས་པའི་འདོད་ཆགས་བྱི་རྒོད་རྔམ་པ་གཉིས་འཚོས་པ་ལས། བུ་བཞི་བྱུང་སྟེ། རལ་པ་ཅན་དང་རི་མོ་ཅན། སྤུ་རུ་ཅན་དང་དྲ་མ་ཅན་དང་བཞི་རུ་བྱུང་ཏེ། གཅན་གཟན་རལ་པ་ཅན་ལ་བུ་གཉིས་ཡོད། དཔལ་རྩལ་གྱི་སེང་གེ་དང༌། ཁྲོ་གཏུམ་ཅན་ཁྲོ་བ་གཉིས་སོ། རི་མོ་ཅན་ལ་བུ་གསུམ་ཡོད་པ། ཤར་མོ་ཅན་གྱི་སྟག་དང༌། ཐིག་ལེ་ཅན་གྱི་གཟིག་དང༌། ཝལ་ཝོལ་ཅན་གྱི་གུང་དང་གསུམ་མོ། སྤུ་རིགས་ཅན་ལ་བུ་བཞི་ཡོད་དེ། སྤུ་རུ་ཅན་གྱི་དབྱི་དང༌། གདུག་པ་ཅན་གྱི་གསའ་དང༌། ལ་ཚོལ་ཅན་གྱི་སྤྱང་ཀི་དང༌། མྱུར་མགྱོགས་ཅན་གྱི་འཕར་བ་དང་བཞིའོ། དྲ་མ་ཅན་ལ་བུ་བཞི་ཡོད་དེ། ཝལ་ཝོལ་ཅན་གྱི་ཝ་དང༌། རང་མཐོང་ཅན་གྱི་སྤྲེའུ་དང༌། ལུས་མྱེས་ཅན་གྱི་གྱུར་དང༌། དྲྭ་མ་ཅན་གྱི་སྲམ་དང་བཞིའོ། དེ་ཡང་རལ་པ་ཅན་གྱི་རྒྱུད་ལས། གཅེན་པོ་སེང་ལ་བུ་བཞི་ཡོད་དེ། གསེར་སེང་མཐིང་གི་སྨིན་མ་ཅན་དང༌། དུང་སེང་གཡུ་ཡི་རལ་པ་ཅན་དང༌། གངས་སེང་ལྕགས་ཀྱི་སྡེར་མོ་ཅན་དང༌། འདམ་སེང་མཆོང་གི་ཕུན་ཕུན་ཅན་དང་བཞིའོ། གཅུང་པོ་གཅན་གཟན་ཁྲོས་པ་ལ་བུ་དགུ་ཡོད་པ། གཅེན་ཀུ་ཀུ་ར་ཙ་ཁྱིའི་རྒྱལ། རྒྱའོ་མིག་བཞི་གཟིག་གི་ཚ། དེ་འོག་ཁྲ་བོ་སྟག་གི་ཚ། དེ་འོག་དོམ་བུ་དོམ་གྱི་ཚ། དེ་འོག་ཁམ་པ་དྲེད་ཀྱི་ཚ། དེ་འོག་སྐད་སྙན་མདོག་གླིང་ཚ། དེ་འོག་ཁ་སྤུན་བྱ་ཡི་ཚ། དེ་འོག་གློག་དམར་བྱིལ་གྱི་ཚ། དེ་འོག་མདའ་ལེན་སྤྱང་ཀའི་ཚ་དང་དགུ་ཡོད་དོ། རི་མོ་ཅན་གྱི་བརྒྱུད་ལས། གཅེན་སྟག་ལ་བུ་གཉིས་ཡོད་པ་དེ། འཛོམ་དྲུག་བཀྲ་དང་བྱ་རོག་ཅན། དེ་གཉིས་རྨོངས་པའི་གཅིག་བརྒྱུད་ཡིན། གཟིག་ལ་བུ་བཞི་ཡོད་པ་དེ། སྟག་མ་གཟིག་དང་གཟིག་མ་གུང༌། ཐིག་ལེ་བཀྲ་དང་ཁྱི་ཤ་ཟ། ཁྱི་ཤ་ཟ་བའི་སྤུ་རྩེ་ནག གུང་ལ་བུ་གསུམ་ཡོད་པ་དེ། ཝ་མོ་གུང་དང་ཝོ་ལེ་གུང༌། ན་ལེ་གུང་དང་རྣམ་པ་གསུམ། སྤུ་རུ་ཅན་གྱི་རྒྱུད་ལས། གཅེན་པོ་དབྱི་ལ་བུ་བཞི་ཡོད། གངས་དཀར་སྟོང་གི་གངས་དབྱི་དང༌། བྲག་དམར་ལྗང་གི་བྲག་དབྱི་དང༌། གཡའ་སྔོན་གསའ་ཡི་ས་དབྱི་དང༌། ས་འོག་འཛུལ་བའི་གདོང་ཐུན་དང་བཞིའོ། གདུག་པ་གསའ་ལ་བུ་བཞི་ཡོད་དེ། ང་རོ་ཅན་དང་རྣག་པ་ཅན། རྔམ་ཆེན་ཁྲོ་གདོང་གཉིས་དང་བཞིའོ། ལ་མཚམས་སྤྱང་ལ་བུ་བཞི་ཡོད་དེ། དུར་ཁྲོད་གླིང་གི་ལྕེ་སྤྱང་དང༌། གོང་གསུམ་འགྲིམ་པའི་རི་སྤྱང་དང༌། འདམ་ཤོད་རྣོར་གྱི་དྲ་མ་ཅན། བྱང་གི་ལ་མཚམས་ཅན་དང་བཞི་¿ཞེས་དང༌། ¿སྲམ་ལ་བུ་བཞི་ཡོད་པ་སྟེ། བྲག་དམར་གསེབ་ཀྱི་རི་སྲམ་དང༌། ཆུ་བོའི་བརྒྱུད་ཀྱི་ཆུ་སྲམ་དང༌། ཆུ་བྲན་ནང་གི་སྨུག་ཆུང་དང༌། ཉ་སྲམ་དར་མ་རྒྱུ་འཛིན་བཞི།¿ ཞེས་སོགས་སྲོལ་རྒྱུན་གྱི་གཅན་གཟན་སྐོར་བཤད་སྲོལ་འདི་ལྟར་ཡོད་ཅིང༌། སྤྱིར་གཅན་གཟན་ལ་རིགས་མི་འདྲ་བ་དྲུག་ཅུ་རེ་བརྒྱད་ཡོད་པ་དང༌། ཚང་མ་ཤ་ཁྲག་ལ་དགའ་ཞིང༌། ཞེ་སྡང་དང་ཁྲོ་གཏུམ་ཆེ་བ། བུ་ཚ་ཡིན་ཡང་བཀྲེས་ལྟོགས་བྱུང་ན་བསད་དེ་ཟ་བཞིན་ཡོད། མི་གཙོས་པའི་རི་དྭགས་དང་ཕྱུགས་རིགས་ཐམས་ཅད་ལ་གནོད་འཚེ་སོགས་བྱེད་ཀྱི་ཡོད་པ་རེད། རྩྭ་གཟན་རི་དྭགས་ལྟ་བུར་མཚོན་ན་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་ཅིང༌། རྩྭ་བཟའ་ཆུ་འཐུང་ཁོ་ནར་རོལ་ཞིང་གཤིས་རྒྱུད་ཀྱང་འཇམ་པོ་ཡོད་པ་དང༌། དགྲ་ལ་གདོང་ལེན་གྱི་ནུས་སྟོབས་ཞན་པས་རྒྱུན་དུ་གཅན་གཟན་རིགས་ཀྱི་ཁ་ཟས་གཙོ་བོ་ཆགས་ཀྱི་ཡོད། རི་དྭགས་རིགས་རྔོན་རྒྱག་བྱེད་སྐབས་གཅན་གཟན་ལས་རྔོན་རྒྱག་སླ་བ་ཡོད་པས། རྔོན་པར་ཚུར་གདོང་ལེན་བྱ་དོགས་མེད་པ་དང༌། རི་དྭགས་རིགས་སྒྲ་སྙན་པོ་ལ་དགའ་བས། རྔོན་རྒྱག་གི་ཉམས་མྱོང་ཡོད་མཁན་གྱིས་རི་དྭགས་རིགས་སེམས་ལྷོད་གཡེང་གཏོང་ཆེད་གླིང་བུ་བཏང་སྟེ་རྔོན་རྒྱག་བྱེད་ཀྱི་ཡོད། ང་ཚོའི་བཤད་རྒྱུན་ལ་རི་དྭགས་སྒྲ་ལ་ཆགས་ན། གནའ་བ་མདོང་གིས་བསད་ཟེར་སྲོལ་ཡོད་པ་རེད། ཡང་བོད་ཀྱི་ས་ཁུལ་མགོ་ལོག་ཆིག་སྒྲིལ་རྫོང་དང་ཡུལ་ཤུལ་ས་ཁུལ་སོགས་སུ་ཤྭ་བ་སྒོ་ཕྱུགས་སུ་གསོ་སྐྱོང་བྱེད་མཁན་ཡོད་པ་རེད། སའི་གོ་ལ་འདིའི་ཐོག་རང་བྱུང་ཁམས་ཆེན་པོའི་མཛེས་རྒྱན་གྱི་སྲོག་ཆགས་རིགས་མི་འདྲ་བ་མང་ཞིང༌། འདི་དག་མུ་མཐུད་འཚོ་གནས་ཐུབ་པ་དགོས་རྒྱུ་དེ་འགྲོ་བ་མི་རིགས་ཚང་མ་ལ་འགན་ཁུར་ཆེན་པོ་ལྡན་ཡོད་ལ། དུས་ཀྱི་འགྱུར་འགྲོས་དང་བསྟུན་འཛམ་གླིང་ནང་སྲོག་ཆགས་རྩ་ཆེན་རིགས་འགའ་ཤས་རྩ་སྟོངས་སུ་ཕྱིན་པ་དང༌། འགའ་ཤས་ཀྱི་འཚོ་གནས་ལ་དཀའ་ངལ་དང་ཉེན་ཚབས་རང་བཞིན་ཞིག་ཆགས་ཡོད་པ་རེད། རང་རེ་བོད་ཀྱི་ཆོས་རིག་གོམས་གཤིས་སོགས་ཀྱི་ནང་སེམས་ཅན་ལ་གནོད་འཚེ་སྤངས་ཤིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཕྱོགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་བག་ཆགས་བཟང་པོ་ཞིག་ལྡན་ཡོད་ལ། སྲོག་ཆགས་ལ་བསྟོད་དབྱངས་དང་བཤད་རྒྱུན། གཏམ་དཔེ་སོགས་དུ་མ་ཡོད་པ་རེད། ཆོས་ཕྱོགས་ནས་བཤད་ན་རི་དྭགས་ཆོས་འཁོར་ལྟ་བུར་བོད་ཀྱི་དགོན་པ་དང་གཙུག་ལག་ཁང་སོགས་ཀྱི་མདུན་ངོས་སྟེང་ཕྱོགས་སུ་མེད་དུ་མི་རུང་བ་ཞིག་ཡིན། འདི་ལ་འགའ་ཤས་ཀྱི་རི་དྭགས་རུ་རུ་ཞེས་ཀྱང་བརྗོད་ཀྱི་ཡོད་ལ། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་རི་དྭགས་རུ་རུ་ཞེས་པའི་གསེར་མདོག་ཅན་ཞིག་བྱུང་ཡོད་པ་གྲགས་ཤིང༌། ཡང་འགའ་ཤས་ཀྱིས་རི་དྭགས་རུ་རུ་ཟེར་བ་འདི་དེང་སང་བསེ་རུ་ཡིན་པ་བཤད་ཅིང༌། གང་ལྟར་རི་དྭགས་རིགས་ལ་བྱམས་སྙིང་རྗེ་ཆེན་པོ་ལྡན་ཡོད་པ་མ་ཟད། གནས་དབེན་པ་ལ་གནས་ཏེ་གཞན་ལ་འཚེ་བ་སྤངས་ཤིང་དམ་པའི་ཆོས་དང་མཐུན་པའི་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ལ་བརྩི་ཡི་ཡོད་པ་རེད། དེ་བཞིན་མཐུན་པ་སྤུན་བཞི་དང༌། སྟག་སེང་ཁྱུང་འབྲུག སོག་པོ་སྟག་ཁྲིད། ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། ཨ་ཙ་ར་གླང་ཁྲིད། བྱ་ཤང་ཤང༌། ཆུ་སྲིན་སོགས་སྲོག་ཆགས་ཀྱི་གཟུགས་བརྙན་ནི་ཆོས་ཀྱི་བྱེད་སྒོ་དང་བཀྲ་ཤིས་པའི་མཚོན་རྟགས་ཀྱི་ནང་མང་པོ་བེད་སྤྱོད་བྱེད་སྲོལ་ཡོད་པ་རེད། དེ་བཞིན་ཡི་དམ་དང་སྲུང་མ་འགའ་ཤས་ཀྱིས་སྲོག་ཆགས་ཆིབས་པ་གནང་མཁན་མང་དུ་ཡོད། བོད་མའི་ལོ་སྐོར་བཅུ་གཉིས་ཚང་མ་ཡང་སྲོག་ཆགས་ཀྱི་གཟུགས་བརྙན་ཡིན་པ་རེད།
སའི་གོ་ལ་འདིའི་ཐོག་འཚོ་གནས་བྱེད་བཞིན་པའི་སྲོག་ཆགས་ཕལ་ཆེ་བ་ལ་རྔ་མ་ཡོད་ཅིང༌། རྔ་མས་རང་ཉིད་དང་རིགས་གཅིག་པ་དག་ལ་གོ་བརྡ་སྤྲོད་ཐུབ་ཀྱི་ཡོད་ལ། རིགས་འགའ་ཤས་ཀྱིས་ཁ་ཟས་ཡང་འཚོལ་ཐུབ་པ་མ་ཟད། སྲུང་སྐྱོབ་ཡང་ཐུབ་ཀྱི་ཡོད། རྔ་མ་ཡོད་མཁན་སྲོག་ཆགས་རྣམས་ལ་རྔ་མ་བེད་སྤྱོད་ཆེན་པོ་ཡོད་པས། སྲོག་ཆགས་སོ་སོའི་བྱ་སྤྱོད་དང་འབྲེལ་བ་ཧ་ཅང་ཆེ་ཞིང༌། སྲོག་ཆགས་རང་ཉིད་ཀྱི་གཟུགས་དབྱིབས་ལ་དགོས་མཁོ་ཆེ་བའི་ལག་ཆ་ཞིག་ཡིན་པ་རེད།།
ཐེངས་ 42650 བཀླགས་འདུག