སྡེ་དགེ་རུ་ཕུག་ལམ་བཟོ་རྒྱུ་སོགས་ཀྱི་བཙན་བཀའ་རིམ་པ།
ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གིས་སྡེ་དགེ་མཐིལ་དཔོན་མདའ་ཞེས་པའི་ས་ཆ་ནས་སྐམ་ཐོག་བར་ཕུག་ལམ་བཟོ་བར་ཁ་གཡར་ཏེ་ས་གནས་བོད་པའི་དུད་ཚང་མང་པོ་ཞིག་བཙན་གྱིས་གནས་སྤོ་བྱེད་འཇུག་བཞིན་ཡོད་འདུགཕྱི་ལོ་ ༢༠༡༣ ཟླ་ ༥པའི་ནང་། སྡེ་དགེ་རྫོང་། དཔོན་མདའ་ཤང་གི་མཚོ་ཀོང་མའི་གྲོང་ཚོ་ནས། སྐམ་ཐོག་བར་ས་འོག་ནས་ཕུག་ལམ་བཟོ་བར་ཁ་གཡར་ཏེ་དུད་ཚང་མང་པོ་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་གཏོང་འདུག་ལ། སྤྱིར་བཏང་མཚོ་ཀོང་མ་ནས་སྐམ་ཐོག་བར་རླངས་འཁོར་སྐར་མ་ཉི་ཤུས་སླེབས་པའི་ས་ཆ་ཞིག་ཡིན་པས་མ་ཚད། སྔོན་མ་ནས་དམག་སྡེ་བཅོ་བརྒྱད་པའི་ལམ་ཞེས་ཡར་ཆབ་མདོ་དང་ཉི་མ་ལྷ་ས། མར་དཀར་མཛེས་དང་རྒྱ་ནག་སོགས་ལ་སྐྱོད་སའི་ལམ་ཁ་རྒྱ་ཆེ་ཞིང་། སྨུམ་ལམ་སྤུས་ལེགས་ཡོད་མུས་རེད། དེས་ན་འདི་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་ཧ་ཅང་གསལ་པོར་བྱུང་ཡོད།
ད་ལྟ་དུད་ཚང་དྲུག་བདུན་ཞིག་དངོས་སུ་སྤོ་བཅུག་ཟིན་འདུག་ལ། ད་དུང་དུད་ཚང་ཉི་ཤུ་མན་ཡན་མན་ཞིག་སྤོ་དགོས་སྲིད་པའི་སྐད་ཆ་བཤད་དེ་ཕྱི་ཚེས་ ༦ ཉིན་ཚང་མ་ཐོ་འགོད་བྱས་འདུག གཞུང་ཕྱོགས་ནས་ཁོང་ཚོ་ལ། ཁང་པ་ཆེ་ཆུང་ལ་དཔག་པའི་རྒྱ་སྒོར་ཁྲི་བདུན་བརྒྱད་ནས་ཉི་ཤུ་རྩ་ལྔ་ཡན་མན་བར་སྤྲོད་ཀྱི་ཡིན་ཞེས་བཤད་འདུག་མོད། དོན་དངོས་ས་གནས་མང་ཚོགས་ཀྱི་ཁ་དང་ལག་པའི་ནང་རག་གི་ཡོད་མེད་བཤད་ཚོད་ཐིག་ཁག་པོ་རེད།
ཉེ་ཆར་ནས་ས་དོང་དངོས་སུ་འབྲུ་སར་ཁེལ་བའི་དུད་ཚང་དྲུག་བདུན་ཞིག་སྤོ་བཅུག་ཟིན་འདུག་ལ། ཁོང་ཚོ་ལ་ཁ་སང་འདི་ཟླའི་ཕྱི་ཚེས་ ༦ ཉིན་ཁང་པ་ཆེ་ཆུང་ལ་དཔག་པའི་དངུལ་འཛིན་སྤྲད་ཡོད་འདུག ས་གནས་མང་ཚོགས་ཀྱི་ངོས་ནས་སྔ་ཕྱི་བར་གསུམ་དུ་སྲིད་གཞུང་ལ་ང་ཚོ་འདིར་འཚོ་བ་སྐྱེལ་སའི་ཕ་ས་ཕ་ཡུལ་དང་། ཁང་ཞིང་ཡོད་སའི་ཆགས་ས་ངོ་མ་དེ་ཡིན་པས། ས་གནས་གཞན་དུ་སྤོ་བཅུག་ན་གཏན་ནས་ཡོང་ཐབས་མེད་རབས་དང་། ཡང་འདི་ལྟར་ལུང་པའི་ནང་དུ་འབར་རྫས་སོགས་སྤྱད་དེ་ས་བརྐོ་རྡོ་སློག་གིས་ལས་གཞི་རྒྱ་ཆེན་པོ་སྤེལ་སོང་ན། རི་ཉིལ་བ་དང་ཆུ་ཤོར་བ་སོགས་ཡུལ་ལ་གོད་ཆག་དང་། རང་བྱུང་ཁམས་ཀྱིས་གནོད་འཚེ་གཞན་དག་ཕོག་སྲིད་པས་མ་ཚད། ཆར་དུ་དུས་སུ་མི་འབབ་པ་དང་། སྟོན་ཐོག་མི་ལེགས་པའི་རྐྱེན་ཆག་མང་པོ་ཞིག་ཡོང་སྲིད་སྟབས་ཅིས་ཀྱང་ལས་གཞི་འདི་ཕྱི་འཐེན་དགོས་པའི་ཞུ་བ་ལན་མང་ཞུས་འདུག་ཀྱང་། དོན་ཕན་གང་ཡང་མ་བྱུང་བར་བཙན་དབང་གིས་ལས་གཞི་འགོ་འཛུགས་ཀྱིན་ཡོད་འདུག བཤད་ཚོད་ལྟར་ན་ལས་གཞི་འདི་ལོ་གཉིས་གསུམ་ནང་མཇུག་སྒྲིལ་རྒྱུ་རེད་ཅེས་པའི་སྐད་ཆ་བྱུང་འདུག
ད་ལྟའི་ཁ་ཐུག་གི་དཀའ་ངལ་ནི་དུད་ཁྱིམ་ཁ་ཤས་ཤིག་གི་རེད་དེ། ལས་གཞི་འདི་དག་གི་རྒྱབ་ལོག་ནས་རྐྱེན་ངན་དང་གོད་ཆག་ག་ཚོད་ཅིག་ཡོང་ཆོག་ཆོག་ངང་ཡོད་མེད་དེ་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། སྡེ་དགེ་མཐིལ་ནི་རི་སྣ་སུམ་མདོ་ཞིག་གི་བར་ན་ཆགས་ཡོད་པས་ས་ཆ་ཧ་ཅང་འགག་དོགས་པོ་ཡིན་པས་མ་ཚད། བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེའི་པར་ཁང་ཡང་ས་གནས་འདི་རང་ལ་ཡོད་པ་རེད།
དེ་བཞིན་ད་ནས་རྩིས་པའི་ལོ་ངོ་བཅོ་བརྒྱད་ཙམ་གྱི་སྔོན་ལ། སྡེ་དགེའི་ཕུ། འཕྲང་རོང་འགག་ཅེས་པའི་ས་ཆ་ནས་ལོ་ལྔ་དྲུག་ཅིག་ལ་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ཏེ་ད་ལྟའང་དེ་ཕྱོགས་སུ་སྟོན་ཐོག་ཡག་པོ་རག་གིན་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན།
ད་དུང་གནས་ཚུལ་གཞན་ཞིག་ལ་སྡེ་དགེ་ཚང་གི་མདུན་རི་འབྲི་གཉན་འདོང་རྡོ་རྗེ་བློ་གྲོས་ཞེས་པའི་ཁམས་ཀྱི་རི་དབང་སྤུན་དགུའི་ཡ་གྱལ་གྱི་རི་དེ་ཡོད་པ་དང་། ཁ་སང་དེ་རིང་ཤེས་གསལ་ལྟར་ན། རི་དེའི་སྟོད་སྨད་བར་གསུམ་དུ་ས་དོང་མང་པོ་ཞིག་བྲུས་ཟིན་ཡོད་འདུག་པ་དང་། ཚོད་དཔག་བྱས་ན། ལོ་བཞི་ལྔའི་སྔོན་ནས་རི་འདིའི་ངོས་ནས་གཏེར་ཁ་བསྔོགས་ཟིན་པ་དང་། མཚན་མོ་རླངས་འཁོར་ནང་དབོར་སོང་ཡོད་སྐད་འདུག
གཞན་ཡང་གནས་ཚུལ་རྫབ་ཆེན་ཞིག་ལ། ལོ་བཞི་ལྔ་ཙམ་གྱི་སྔོན་ནས་བཟུང་རྒྱ་གཞུང་གིས་སྡེ་དགེ་དཔོན་པོ་སྟོད་ཀྱི་ཕྱོགས་ནས་འབབ་བཞིན་པའི་འབྲི་ཆུ་ལ་ཆུ་བཀག་བརྒྱབ་སྟེ། རྒྱ་ནག་རྒྱལ་ཡོངས་ལ་འགྱེད་ཐུབ་པའི་གློག་ཁང་ཆེན་པོ་ཞིག་བཟོ་འཆར་ཐོག ས་གནས་མང་ཚོགས་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་དངོས་སུ་བསྒྲགས་འདུག་ལ། གལ་སྲིད་ལས་གཞི་དེ་དངོས་སུ་ལག་བསྟར་བྱས་ཚེ། དབོན་པོ་སྟོད་འབྲི་ཆུ་ཤར་བརྒྱུད་དུ་ཤང་གཅིག་གི་གྲོང་ཚོ་བཅུ་བཞི་ལྷག་ཅིག་ཡོད་པ་དང་། ནུབ་བརྒྱུད་དུ་ས་ཁུལ་གཅིག་གི་གྲོང་ཚོ་བཅོ་ལྔ་ཡན་མན་ཞིག་ཡོད་པ་རེད། མདོར་ན་ས་ཕྱོགས་འདིར་གྲོང་ཚོ་སུམ་ཅུ་ཙམ་དང་། དགོན་སྡེ་དྲུག་བདུན་ཙམ་ཡོད་པ་རེད། དེས་མ་ཚད་འབྲི་ཆུ་དེ་བཀག་ཡོང་དུས། རང་ཤུགས་ཀྱིས་འབྲི་ཆུ་གྱེན་ལྡོག་གི་ཐོག་ནས་སྡེ་དགེ་ལྡན་ཁོག་དང་། དེ་ནས་ཡར་སྐྱེ་རྒུའི་ཕྱོགས་ལའང་གནོད་སྐྱོན་ཐེབས་སྲིད་པ་རེད།
རྒྱ་གཞུང་གིས་བཙན་བཀའ་གཏོང་པ་ལྟར་ན། གྲོང་ཚོ་དེ་ཚང་མ་མར་མི་ཉག་གཞག་ར་ལྷ་རྩེ་དང་། ཡར་ཀོང་པོའི་ཕྱོགས་སུ་གནས་སྤོ་དགོས་ཚུལ་བཤད་འདུག ཡིན་ནའང་ས་གནས་མང་ཚོགས་ཀྱིས་དེ་འདྲ་གཏན་ནས་ཡོང་ཐབས་མེད་ལུགས་ཀྱི་སྙན་ཞུ་ལན་ཕུལ་འདུག་ཀྱང་། དེ་སྔོན་འདི་ཡིན་དེ་མིན་གྱི་བརྡ་ལན་ཅིའང་འབྱོར་མེད་ནའང་། ལས་གཞི་དེ་འགོ་བཙུགས་པ་སོགས་ཀྱི་གནས་ཚུལ་ཡང་ཐོན་མི་འདུག
སྤྱིར་ན་དབོན་པོ་སྟོད་ཀྱི་ཕུ་ལ། ཧྲེང་ཤེ་ནགས་ཞེས་པའི་ནགས་ཀླུང་ཆེན་པོ་ཞིག་ཡོད་པ་དེར་དམིགས་ནས། འབྲི་ཆུ་ཡར་འདེད་ཀྱིས་རླངས་འཁོར་ལམ་བཟོས་ཏེ་ལོ་འགའི་སྔོན་ནས་བཟོས་གྲུབ་པ་དང་། ཤིང་ནགས་གཅོད་འབྲེག་གི་འཕྲུལ་ཆས་བེད་སྤྱད་དེ་ཤིང་ཆ་མང་པོ་ཞིག་འཚོང་བཞིན་ཡོད་འདུག་མོད། ན་ནིང་ནས་དབོན་པོ་སྟོད་དུ་ཡོད་པའི་ལྷ་འབྲང་དགོན་པའི་དབུ་ལས་ལྷན་རྒྱས་དང་། འབྲེལ་ཡོད་བཀྲ་ཤིས་སྟེང་དང་། གཡུ་འབུས་གྲོང་པ་བཅས་ཀྱི་བོད་མི་ཚོས་ངོ་རྒོལ་ཐོག་བཀག་འགོག་བྱས་ནས། རེ་ཞིག་གཅོད་མཚམས་བཞག་ཡོད་འདུག
དཔོན་པོ་སྟོད་ཕྱོགས་སུ། རོང་དང་འབྲོག་པའི་འཚོ་བ་སོ་སོར་བརྟེན་མཁན་དང་། རོང་མ་འབྲོག་གི་འཚོ་བ་སྐྱེལ་མཁན་བཅས་ཡོད་པ་རེད། ས་གནས་དེར་གྲོ། ནས། སྲན་མ། བྲ་བོ། ཡུམ། ཏིལ། དབྱར་རྩ་དགུན་འབུ། རྩ་རྟིང་བརྐོ་རྒྱུ། ཤིང་ནགས་སྟུག་པོ་སོགས་རང་བྱུང་ཐོན་ཁུངས་ཧ་ཅང་ཡག་པོ་ཡོད་པས་མ་ཚད། གནས་ར་རྭ་རི་སོགས་གནས་རི་རྩ་ཆེན་དང་། དགོན་སྡེ་རྙིང་པ། ད་དུང་སྡེ་དགེ་རྒྱལ་པོའི་དབོན་སྟོད་ལྷུན་པོ་ཕོ་བྲང་གི་མཁར་ཤུལ་བཅས་ཡོད་པ་རེད།
ཡོང་ཁུངས་སྡེ་དགེ་དྲ་བ།
ཐེངས་ 42389 བཀླགས་འདུག