བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་རྒུད་དང་གཏོར་སྐྱོན།
དེ་ཡང་གོང་དུ་གསལ་བ་ལྟར་བོད་ཀྱི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ཆེས་རྩ་ཆེ་བའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་དག་བོད་ས་མ་ཤོར་གོང་བོད་མིའི་གོམས་སྲོལ་དང་བོད་གཞུང་གི་རི་རྒྱ་ཀླུང་རྒྱ་བསྡམས་པའི་ཁྲིམས་སྲོལ་འོག་གཏོར་སྐྱོན་དང་གནོད་འཚེ་གང་ཡང་བྱུང་མེད། འོན་ཀྱང༌། ཕྱི་ལོ་༡༩༥༩ རྗེས་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་དག་ལ་འགན་འཁུར་ཅི་ཡང་མེད་པར་བློ་ཡུལ་ལ་མི་ཤོང་བའི་གཏོར་བཅོམ་ཚད་ལས་འདས་པ་བཏང་ཡོད་པ་དང༌། བོད་ཀྱི་རང་བྱུང་ཁོར་ཡུག་དང༌། ད་ལྟའི་གནས་སྟངས། སྲུང་སྐྱོབ་ཅེས་པའི་ནང་གསལ་ལྟར་ན། བོད་ས་མ་ཤོར་གོང་བོད་ཀྱི་གདོད་མའི་ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༢༡༨༠༠ ཡོད་པའི་ནང་ནས་ཕྱི་ལོ་ ༡༩༨༥ ལོར་ནགས་ཚལ་ཕྱེད་ཙམ་ཏེ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༣༤༠༠༠ ལས་ལྷག་མེད་པར་རྒྱ་མིས་གཅོད་འབྲེག་བྱས་ཡོད། ཕྱི་ལོ་ ༡༩༥༩ ནས་ ༡༩༨༤ བར་ལོ་ཉི་ཤུ་རྩ་ལྔ་ནང་ཨ་སྒོར་ས་ཡ་ ༥༤ ཙམ་གྱི་རིན་ཐང་ལྡན་པའི་བོད་ས་ཁུལ་གྱི་ཤིང་ཆ་རྒྱ་ནག་ཏུ་དབོར་འདྲེན་དང་རྒྱལ་ཁབ་གཞན་ལ་ཕྱི་ཚོང་བྱས་ཡོད་པ་དང༌། དེ་བཞིན་ཕྱི་ལོ་ ༡༩༥༥ ནས་ ༡༩༨༥ བར་ལོ་སུམ་ཅུའི་རིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ནས་ཤིང་ཆ་ཆེས་མང་པོ་རྒྱ་ནག་ཏུ་དབོར་འདྲེན་བྱས་ཤིང་ཁུལ་དེའི་ཤིང་ཆ་གཅོད་འབྲེག་དང་དབོར་འདྲེན་བྱས་པ་གཅིག་པུ་ཁག་མཐུད་རྒྱབ་པ་ཡིན་ན་སའི་གོ་ལར་བསྐོར་བ་གཉིས་འཁོར་གྱི་ཡོད་པ་རེད། ཕྱི་ལོ་ ༡༩༤༨ ནས་ ༡༩༩༨ བར་ཁམས་དཀར་མཛེས་ས་ཁུལ་དུ་ཤིང་ནགས་གཅོད་འབྲེག་གྱི་སྡེ་ཚན་ ༧༠ ཙམ་ནས་ས་ཁུལ་དེ་དག་གི་ཤིང་ནགས་རྒྱ་དཔངས་གྲུ་བཞི་མ་ས་ཡ་ ༡༢༠ ལྷག་གཅོད་འབྲེག་གིས་རྒྱ་ནག་ལ་དབོར་འདྲེན་བྱས་ཤིང་དེ་དག་གི་རིན་འབབ་ཨ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལྷག་ཡིན་པ་དང༌། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་དེབ་ནང་གསལ་བ་ལྟ་ན་བྲི་ཆུའི་སྟོད་རྒྱུད་ཏུ་སྔོན་ཆད་ནགས་ཚལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་ ༣༢༥༠ ཡོད་པ་དང༌། ད་ལྟའི་ཆར་སྤྱི་ཆིང་ཁྲི་ ༤༦༣ མ་གཏོགས་མེད་པ་སོགས་འཁོད་ཡོད་པ་རེད།
མདོར་ན་བོད་ས་ཁུལ་དུ་སྔ་ཕྱིར་ཤིང་ནགས་གཅོད་འབྲེག་སྡེ་ཚན་ ༧༠༠ ལྷག་བཙུགས་ཏེ་མཁོ་སྤྱོད་ཆེ་བའི་ཤིང་ནགས་ཐམས་ཅད་གཅོད་འབྲེག་དང་དབོར་འདྲེན་བྱས་དང་བྱེད་བཞིན་པ་སོགས་བོད་གཞུང་གི་འབྲེལ་ཡོད་ཡིག་ཆའི་ནང་འཁོད་ཡོད་པ་རེད། བོད་ས་སྟོད་སྨད་བར་གསུམ་དུ་ཡོད་པའི་གདོད་མའི་ནགས་ཚལ་གཅོད་འབྲེག་དང་འབྲེལ། རྒྱ་ནག་ལ་དབོར་འདྲེན་བྱས་དྲགས་པའི་དབང་གིས་དེང་སང་བོད་ས་ཁུལ་གྱི་མཁོ་སྤྱོད་དང་རྒྱུ་སྤུས་དག་པའི་ཤིང་ཆ་མང་ཆེ་བ་རྫོགས་ཏེ་རྒྱ་ནག་ལ་དགོས་མཁོ་ཆེ་བའི་ཤིང་ཆ་རིགས་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱེད་དགོས་པ་ཆགས་ཡོད་པ་རེད། ལྷག་པར་དུ་བོད་ཀྱི་གཙང་པོ་དང་ཆུ་བོ་རྒྱུག་ཡུལ་གྱི་ཤིང་ནགས་ལ་གཏོར་སྐྱོན་ཚད་མེད་བཏང་བའི་རྐྱེན་གྱིས་ས་བཅུད་ཉམས་པ་མ་ཟད། ཆུ་ནང་ལ་འབག་བཙོག་དང་རྫས་སྐྱོན་ཐེབས་པ། བོད་ཀྱི་ས་ཁུལ་ཙམ་མ་ཡིན་པ། རྒྱ་ནག་གཙོས་པའི་ཆུ་བོ་དེ་དག་འབབ་སའི་ཡུལ་གྲུ་ཁག་ལ་ལོ་ལྟར་ཆུ་ལོག་གིས་འཇིགས་པ་ཡང་ཡང་ཡོང་བ་དང༌། ས་གཞི་ཐང་རྒོད་དུ་འགྱུར་བ་སོགས་མི་མང་ས་ཡ་མང་པོའི་འཚོ་གནས་ལ་དཀའ་ངལ་འཕར་མ་སྤྲོད་བཞིན་ཡོད་པ་རེད།
བོད་ཀྱི་ཆོས་རིག་གོམས་གཤིས་ཀྱི་ཐོག་ནས་ས་གཏེར་སྔོག་འདོན་བྱས་པའི་ལམ་སྲོལ་མེད་ཅིང༌། དེ་དག་སྔོག་འདོན་བྱས་ན་ས་ལྷ་དང་ས་བདག ཡུལ་ལྷ་གཞི་བདག་སོགས་ཀྱིས་ཀོ་ལོང་ཕྲག་དོག་སོགས་བྱས་ནས་ལུང་པར་མི་ནད་ཕྱུགས་ནད་དང་སད་སེར་བཙའ་ཐན་ཡོང་གི་རེད་ཟེར་ནས་བརྩི་བཀུར་དང་འཛེམས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ལ། བོད་ས་མ་ཤོར་གོང་བོད་ཀྱི་ལོ་རྒྱུས་ནང་གཏེར་ཁ་སྔོག་འདོན་བྱས་པ་ཕལ་ཆེར་བྱུང་མྱོང་མེད་པ་དང༌། རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་ཀྱི་རིན་བྲལ་གཏེར་དངོས་ཐམས་ཅད་སྔོག་འདོན་བྱས་ཏེ་རྒྱ་ནག་ལ་དབོར་འདྲེན་དང་རྒྱལ་ཁབ་གཞན་ལ་ཕྱི་ཚོང་སོགས་བྱས་ཤིང༌། ཕྱི་ལོ་ ༡༩༥༢ ནས་ ༡༩༩༠ བར་བོད་ཀྱི་གཏེར་ཁ་སྔོག་འདོན་བྱས་པ་དག་གི་རྒྱ་ནག་ལ་ཁེ་བཟང་ཨ་སྒོར་ཐེར་འབུམ་གཉིས་ལྷག་ཙམ་བྱུང་ཡོད་པ་བོད་གཞུང་གི་འབྲེལ་ཡོད་ཡིག་ཆའི་ནང་འཁོད་ཡོད་པ་རེད།
བོད་ལྷོ་ཁ་ཁུལ་དུ་ཡོད་པའི་ཀོ་ལྕགས་གཏེར་ཁ་ནི་འཛམ་གླིང་ནང་སྤུས་ཚད་ཨང་དང་པོར་སླེབས་ཤིང༌། ཀོ་ལྕགས་གཏེར་ཁའི་ཐོན་ཁུངས་ཀྱི་རིན་ཐང་ནི་ཨ་སྒོར་དུང་ཕྱུར་གསུམ་དང་ཕྱེད་ལྷག་ཙམ་ནས་ལྔ་བར་ཡིན་ལ། ལོ་རེར་ཊོན་ཁྲི་ལྔ་ཙམ་སྔོག་འདོན་བྱེད་ཅིང༌། ལོ་རེར་ཁེ་བབ་ཨ་སྒོར་ས་ཡ་ ༣་༧༥ ཡོང་གི་ཡོད་པ་རེད།
འཇོ་མདའ་གཡུ་ལུང་ཟངས་གཏེར་ནི་འཛམ་གླིང་ནང་ཟངས་གཏེར་ཆེ་གྲས་ཁུངས་སུ་གཏོགས་ཤིང༌། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡་༨༧༠ ཡོད་པ་དང༌། ལོ་རེར་ཐོན་འབབ་ཊོན་འབུམ་གཅིག་དང༌། ལོ་རེར་ཁེ་འབབ་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་ཡོང་གི་ཡོད།
མཚོ་སྔོན་ཚྭ་འདམ་གཤོངས་ཀྱི་ཚྭ་ལ་དཀར་པོ་ནི་འཛམ་གླིང་ནང་གཞི་རྒྱ་ཆེ་ཤོས་དང་ལོ་ངོ་ཆིག་ཁྲིའི་རིང་བེད་སྤྱོད་ཆོག་པའི་རྒྱ་ཁྱོན་དང་མང་ཉུང་ཊོན་ཐེར་འབུམ་ ༡༥༠ ལྡན་ཡོད་ལ། ལོ་རེའི་ཚྭ་ལ་དཀར་པོའི་ཡོང་འབབ་ཨ་སྒོར་ས་ཡ་ ༨་༧༥ ཡོང་གི་ཡོད་པ་རེད། ད་དུང་ཚྭ་འདམ་གཤོངས་ཀྱི་རྡོ་སྣུམ་དང་རང་བྱུང་རླངས་རྫས་བཅས་ཀྱི་གཏེར་ཀ་རིན་ཐང་ཆེས་ཆེར་ལྡན་ཡོད།
ཨ་མདོ་རྔ་བ་རུ་ཡོད་པའི་རིན་པོ་ཆེའི་རིགས་ཀྱི་གཏེར་དངོས་རྡོ་རྗེ་ཕ་ལམ་དང༌། དེ་བཞིན་སྟོད་མངའ་རིས་ཁུལ་གྱི་ཚྭ་ལ་དཀར་པོ་དང༌། འདམ་གཞུང་དང༌། ཡར་འབྲོག རི་བོ་ཆེ། ཐེ་བོ། མཛོད་དགེ། རྔ་བ་སོགས་སུ་ཡོད་པའི་ཡུ་རིན་ཨུམ་ཟེར་བའི་གཏེར་རྫས་ནི་འཛམ་གླིང་ནང་སྤུས་ཚད་ཨང་དང་པོའི་གྲས་སུ་སླེབས་ཡོད་པ་དང༌། ད་དུང་བོད་ས་སྟོད་སྨད་བར་གསུམ་དུ་ཡོད་པའི་གསེར་གྱི་གཏེར་ཁ་རྣམ་གྲངས་ཆེས་མང་ཞིང༌། དངུལ། ཞ་ཉེ། ལི། ལྕགས། ངར་ལྕགས་སོགས་ཚད་གཞི་ངེས་ཅན་ལ་སླེབས་པ་གཏེར་ཁ་མང་དག་མཆིས་ཤིང༌། བོད་ནང་གཏེར་ཁ་སྔོག་འདོན་བྱས་པ་ཐམས་ཅད་རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་ཕན་ཐོགས་ཡོད་པ་ལས་བོད་མི་རིགས་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོང་གི་ཡོད།
བོད་ས་ཁུལ་ལ་རྩ་ཆེན་རྩི་ཤིང་སྨན་རྩྭ་རིགས་ཀྱི་རྣམ་གྲངས་མང་ཞིང༌། དེ་དག་རིགས་མང་ཆེ་བ་རྒྱ་ནག་ལ་དབོར་འདྲེན་བྱེད་བཞིན་ཡོད་པ་དཔེར་ན་ཁམས་བདེ་ཆེན་ས་ཁུལ་ནས་ཕྱི་ལོ་ ༡༩༥༧ ནས་ ༡༩༨༢ བར་རྩ་ཆེན་སྨན་རྩྭ་རིགས་སྤྱི་རྒྱ་ས་ཡ་ཉི་ཤུ་རྩ་བཞི་རྒྱ་ནག་ལ་དབོར་འདྲེན་བྱས་ཡོད་པས། དེའི་ནང་རྩ་ཆེ་བའི་སྨན་རྩྭ་ལྕ་བ་སྤྱི་རྒྱ་ས་ཡ་བཞི་ཡོད་འདུག ཕྱི་ལོ་ ༡༩༥༨ ནས་ ༡༩༨༧ བར་ཁམས་དཀར་མཛེས་ཁུལ་ནས་དབྱར་རྩྭ་དགུན་འབུ་ཊོན་སུམ་འབུམ་ལྔ་ཁྲི་དང༌། ཨ་བྷི་ཁ་འམ་གཡར་གྲོ་སྤྱི་རྒྱ་ས་ཡ་གཅིག་དང་ལྔ་འབུམ་དྲུག་ཁྲི་ལྷག་རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད་པ་རེད།
ཕྱི་ལོ་ ༡༩༩༤ བར་ལོ་སུམ་ཅུའི་རིང་མགོ་ལོག་ཁུལ་ནས་དབྱར་རྩ་དགུན་འབུ་སྤྱི་རྒྱ་ལྔ་ཁྲི་དགུ་སྟོང་དང༌། ཨ་བྷི་ཁ་སྤྱི་རྒྱ་ཆིག་ཁྲི་བརྒྱད་སྟོང༌། གྲོ་མ་སྤྱི་རྒྱ་བརྒྱད་སྟོང་སུམ་བརྒྱ། ལྕུམ་སྤྱི་རྒྱ་ས་ཡ་དྲུག་ལྷག་ཙམ་དབོར་འདྲེན་དང༌། དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་མཚོ་སྔོན་གྱི་སྨན་རིགས་ཚོང་ཁང་ཞིག་ནས་ཏེང་ཤའོ་ཕིང་གི་བུས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ཁྲི་གཉིས་དང་ལྔ་སྟོང་ལྷག་ཙམ་རིན་གོང་ཁེ་པོའི་ཐོག་ནས་ཉོས་ཏེ་རྒྱ་ནག་ལ་དབོར་འདྲེན་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༩༥ བར་ལོ་སུམ་ཅུའི་རིང་ཁམས་སྐྱེ་དགུ་མདོ་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ ༡༧༨༢༩༠ དང༌། ཨ་བྷི་ཁ་འམ་གཡར་གྲོ་སྤྱི་རྒྱ་ ༣༤༠༡༤༠ རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༦༢ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ ༢༣༧༥༠ དང༌། དེ་བཞིན་ཕྱི་ལོ་༡༩༦༤ ལོར་ཨ་བྷི་ཁ་སྤྱི་རྒྱ་ ༡༢༢༢༠༠ རྒྱ་ནག་ལ་དབོར་འདྲེན་བྱས་ཡོད།
ཕྱི་ལོ་ ༡༩༥༦ ནས་ ༡༩༧༦ བར་ཁམས་འབའ་ལུང་ནས་སྨན་རྩྭ་རྒྱ་མ་ ༡༦༠༠༠༠༠༠ ལྷག་དང༌། དེའི་ནང་ལྕ་བ་རྒྱ་མ་ ༨༠༠༠༠༠༠ ལྷག་རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད། ཕྱི་ལོ་ ༡༩༦༠ ལོར་ཨ་མདོ་རྔ་བ་ཁུལ་ནས་ལྕུམ་སྤྱི་རྒྱ་ ༡༠༢༥༠༠༠ ལྷག་དང༌། ༡༩༨༣ ལོར་སྦྲུ་ནག་སྤྱི་རྒྱ་ ༡༨༦༩༢༠༠། སྤང་སྤོས་སྤྱི་རྒྱ་ ༦༥༣༠༠༠། ༡༩༦༩ ལོར་ཀླུ་བདུད་རྡོ་རྗེ་སྤྱི་རྒྱ་ ༩༨༧༠༠ བཅས་རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད་པ་སོགས་བོད་གཞུང་གི་འབྲེལ་ཡོད་ཡིག་ཆའི་ནང་འཁོད་ཡོད་པ་རེད། སྨན་རྩྭ་དེ་དག་ནི་འཛམ་གླིང་ནང་མཐོང་རྒྱུ་དཀོན་ཞིང་རིན་ཐང་ལྡན་པ་ཤ་སྟག་ཡིན། དེང་སང་དབྱར་རྩྭ་དགུན་འབུ་དང་ཨ་བྷི་ཁ་སོགས་བོད་ཀྱི་རྩ་ཆེའི་སྨན་རྩྭ་དག་འཛམ་གླིང་ནང་དགོས་མཁོ་དང་རིན་ཐང་ཇེ་ཆེར་འགྲོ་བཞིན་ཡོད་པས། དཔེར་ན་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་གཅིག་ལ་ཨ་སྒོར་ ༣༥༠༠ ནས་ ༥༠༠༠ ལྷག་བྱེད་ཀྱི་ཡོད་པ་དང༌། དེང་སང་བོད་ཁུལ་གྱི་སྨན་རྩྭ་རིགས་མང་པོ་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད་པ་རེད།
བོད་ནས་ཆུ་ཆེན་ ༡༠ ཙམ་ལྷོ་ཤར་ཨེ་ཤི་རྒྱལ་ཁབ་ཁག་ལ་ཐད་ཀར་འབབ་ཀྱི་ཡོད་པས། དེའི་ནང་ནས་འབྲི་ཆུ་དང༌། རྒྱལ་མོ་རྔུལ་ཆུ། རྫ་ཆུ། རྨ་ཆུ་སོགས་ཆུ་བོ་ཆེན་པོ་བཞི་རྒྱ་ནག་བརྒྱུད་དེ་མཐའ་ཡས་རྒྱ་མཚོར་འབབ་ཀྱི་ཡོད་པ་རེད། རྒྱ་ནག་གི་ཆུ་བོ་དེ་དག་ཆུ་རགས་དང་གློག་ཁང་གསར་རྒྱག་དང་འབྲེལ་བའི་འཛུགས་སྐྲུན་གྱི་རྣམ་གྲངས་མང་པོ་ལག་བསྟར་བྱས་དང་བྱེད་བཞིན་པ་རེད། དཔེར་ན་རྨ་ཆུ་ལ་མཐོ་ཚད་མི་ཊར་ ༢༩༢ ཡོད་པའི་ཆུ་རགས་ཤིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང༌། དེའི་འགྲོ་གྲོན་ལ་ཨ་སྒོར་ཐེར་འབུམ་དྲུག་གནས་ཀྱི་ཡོད་པ་རེད། དེ་བཞིན་འབྲི་ཆུ་ནི་འཛམ་གླིང་གི་ནང་ཆུ་ཆེན་ཨང་གསུམ་པ་དེ་ཡིན་ཞིང༌། རྨ་ཆུ་དང་འབྲི་ཆུ་ལ་གློག་ཁང་གསར་རྒྱག་གི་ལས་འཆར་ཆེད་ཆུ་རགས་ ༡༤ གསར་རྒྱག་བྱེད་འཆར་ཡོད་པ་དང༌། རྒྱ་ནག་གི་ཆུ་དེ་དག་ལ་གློག་ཁང་གསར་རྒྱག་དང་འབྲེལ་གློག་ཤུགས་མཁོ་འདོན་རྒྱ་ནག་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་ལ་ཕྱི་ཚོང་བྱ་འཆར་ཡོད་པ་རེད།
རྒྱ་ནག་གཞུང་གི་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིའི་འོག་འབྲི་ཆུའི་ཆུ་མགོ་ཁག་རྒྱ་ནག་བྱང་ཕྱོགས་སུ་ཡོད་པའི་རྨ་ཆུའི་ཕྱོགས་སུ་བསྒྱུར་ཏེ་ཆུ་བོ་ཆེན་པོ་གཉིས་ཟླ་སྒྲིལ་གཏོང་འཆར་ཡོད་པ་མ་ཟད། ཆུ་རགས་ཆེན་པོ་གསུམ་ཙམ་གསར་རྒྱག་བྱེད་འཆར་ཡོད་པ་རེད། ཆུ་བོ་ཆེན་པོ་གཉིས་གནས་གཅིག་ཏུ་འདུས་པར་བོད་ཀྱི་རི་ལུང་མང་པོ་གཏོར་བཤིག་གིས་ཁུག་ལམ་ཡུར་བ་མང་པོ་བཟོ་དགོས་ཀྱི་ཡོད་པས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་འདས་པ་གཏོང་རྒྱུ་ཡིན་པ་རེད། དར་རྩེ་མདོ་ཁུལ་ལ་ཡོད་པའི་མི་རྒོད་མཚོར་ཆུ་རགས་གསར་རྒྱག་ཆེད་ཨ་སྒོར་དུང་ཕྱུར་གཉིས་དང་ཕྱེད་ཙམ་འགྲོ་གྲོན་གཏོང་འཆར་ཡོད་པ་དང༌། མཚོ་དེ་ས་གནས་ཡུལ་མི་རྣམས་ཀྱི་གནས་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པས་འཛུགས་སྐྲུན་ལས་འཆར་ལ་ངོ་རྒོལ་བྱེད་བཞིན་ཡོད་ནའང་བོད་མིའི་བསམ་འདུན་ལ་རྒྱ་གཞུང་གིས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན་བོད་ནང་རྩ་ཆེན་མཚོ་དང་མཚེའུ། ཆུ་བོ་དང་རྒྱུག་ཆུ་སོགས་ལ་ཆུ་རགས་དང་གློག་ཁང་གསར་རྒྱག་གི་ལས་འཆར་ཆེས་མང་པོ་ཡོད་པས། ལས་འཆར་མང་ཆེ་བ་ཚར་ཡོད་པ་དང༌། འགའ་ཤས་འཛུགས་སྐྲུན་བྱེད་བཞིན་པ་རེད། ཆུ་རགས་དང་གློག་ཁང་གསར་རྒྱག་སོགས་ཀྱིས་རྐྱེན་པས་ཆུ་ལོག་གི་འཇིག་པ་དང་གནོད་འཚེ་ཡོང་བཞིན་ཡོད་པ་མ་ཟད། མི་མང་པོའི་ཚེ་སྲོག་ཤོར་བ་དང༌། ཁོང་ཚོའི་འཚོ་གནས་ལ་འཇིགས་སྣང་ཡང་ཡང་སྤྲོད་བཞིན་ཡོད་པ་རེད།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་ནང་གསལ་བ་ལྟར་ན་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་སྔོན་ལ་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་མངའ་ཁོངས་སུ་མཚེའུ་ཆེ་ཆུང་གྲངས་ ༤༠༧༠ ལྷག་ཡོད་པས། ཉེ་བའི་ལོ་ཤས་ནང་རང་བྱུང་ཁོར་ཡུག་གནོད་ཚེ་ཚབས་ཆེན་བཏང་བའི་རྐྱེན་གྱི་མཚེའུ་རྒྱ་ཆ་ ༥༠ ལྷག་ཤུལ་མེད་དུ་གྱུར་ཡོད། དེ་བཞིན་ཕྱི་ལོ་ ༡༩༩༧ ལོར་རྨ་ཆུའི་བཞུར་རྒྱུན་ཆད་ནས་ཉིན་གྲངས་ ༢༢༦ འགོར་ཞིང་སྤྱི་ལེ་ ༧༠༤ རིང་ཚད་ལ་རྨ་ཆུ་མ་བཞུར་བས། དེས་ཧྲན་ཏུང་ཞིང་ཆེན་གཅིག་པུར་དཔལ་འབྱོར་གྱི་གྱོང་རྒུད་རྒྱ་སྒོར་དུང་ཕྱུར་ ༡༣༥ ཕོག་ཡོད་པ་དང༌། ཕྱི་ལོ་ ༡༩༩༨ ལོར་རྨ་ཆུའི་ཆུ་མགོ་ནས་ཐེངས་དང་པོ་བཞུར་རྒྱུན་ཆད་ཡོད། དེ་བཞིན་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར་ཡུལ་ཤུལ་ས་ཁུལ་ཆུ་དམར་ལེབ་རྫོང་དུ་ཆུ་བོ་གྲངས་ ༥༠༠ ལྷག་ཡོད་པས། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་རྫོང་ཡོངས་ཀྱི་ཆུ་བོ་ཕལ་ཆེར་བ་བསྐམས་ནས་མེད་པར་གྱུར་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་ལོ་རབས་ལྔ་བཅུ་པའི་སྔོན་ལ་མཚོ་སྔོན་པོའི་ནང་ཆུ་བོ་ ༧༨ ལྷག་འབབ་ཀྱི་ཡོད་པས། ད་ལྟའི་ཆར་རྒྱ་ཆ་ ༦༠ ལྷག་ཇེ་ཉུང་སོང་ཡོད་པ་སོགས་འཁོད་འདུག
བོད་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་ནི་བོད་ཀྱི་ས་ཆ་བརྒྱ་ཆ་ ༧༠ ལྷག་ཟིན་ཅིང༌། རྒྱ་ནག་གི་བོད་དབང་བསྒྱུར་བྱས་རྗེས་བོད་ཀྱི་རྩྭ་ཐང་ལ་ཚད་ལས་བརྒལ་བའི་ཉམས་རྒུད་དང་གཏོར་བརླགས་བཏང་ཡོད་པ་དང༌། དཔེར་ན་ཕྱི་ལོ་ ༡༩༦༠ ནས་ ༧༠ བར་ལོ་རེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༥༠༠ བྱེ་ཐང་དུ་གྱུར་བ་དང༌། ཕྱི་ལོ་ ༡༩༨༠ ནས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༠༠༠ བྱེ་ཐང་དུ་གྱུར་བ་དང༌། ཉེ་བའི་ལོ་ཤས་ནས་བཟུང་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༥༠༠ བྱེ་ཐང་དུ་འགྱུར་བཞིན་པ་དང༌། ཕྱི་ལོ་ ༡༩༨༩ ནས་ ༡༩༩༩ བར་ལོ་བཅུ་རིང་བོད་ཀྱི་རྩྭ་ཐང་བརྒྱ་ཆ་ ༩༥ ཙམ་ཉམས་རྒུད་ཏུ་བཏང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཇུས་ངན་འོག་བོད་ཀྱི་འབྲོག་པའི་འཚོ་གནས་གཞི་རྟེན་བྱེད་ས་རྩྭ་ཐང་ཆེས་མང་པོ་ཞིང་ས་ལ་བསྒྱུར་བས། ས་ཞིང་འདེབས་ལས་ལམ་ལྷོང་མ་བྱུང་བར་བྱེ་ཐང་དུ་གྱུར་ཡོད་པ་རེད།
བོད་ཀྱི་རྩྭ་ཐང་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རྒྱ་མི་འབོར་ཆེན་བོད་ལ་གཞིས་སྤོ་བྱས་ཏེ་སྡོད་གནས་དང་ས་ཞིང་འདེབས་ལས་བྱེད་པ། ཞིང་ལས་འཕེལ་རྒྱས་གཏོང་བ། གཏེར་ཁ་སྔོག་འདོན་བྱེད་པ། རྩི་ཤིང་སྨན་རྩྭ་འཐུ་བ། ལྕགས་ལམ་དང༌། གཞུང་ལམ་གསར་སྐྲུན། བཟོ་ལས་འཕེལ་རྒྱས་གཏོང་བ། རྩྭ་ཐང་ལ་ལྕགས་ར་བསྐོར་ཏེ་གཞུང་གིས་བདག་བཟུང་བྱས་པ་སོགས་བོད་ཀྱི་རྩྭ་ཐང་བྱེ་ཐང་ཅན་དུ་འགྱུར་བཞིན་པ་དེས་ལོ་རེར་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་གཉིས་ནས་གསུམ་བར་དཔལ་འབྱོར་གྱི་གྱོང་རྒུད་ཕོག་པ་མ་ཟད། མི་མང་ས་ཡ་ ༡༢༠ ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་བོད་གཞུང་གི་འབྲེལ་ཡོད་ཡིག་ཆ་ནང་འཁོད་ཡོད་པ་རེད། རྨ་ཆུ་དང་འབྲི་ཆུའི་རྒྱུད་དུ་རྩྭ་ཐང་ཉམས་རྒུད་ས་ཁྱོན་གྱི་ཚད་གཞི་མུའུ་དུང་ཕྱུར་ ༡་༦༡ ལ་སླེབས་ཤིང༌། བོད་ཀྱི་རང་བྱུང་ཁོར་ཡུག་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཙམ་མ་ཡིན་པར། རྒྱ་ནག་གི་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་དང་འཛམ་གླིང་སྤྱིའི་རང་བྱུང་ཁོར་ཡུག་དང་འབྱུང་ཁམས་ལ་གནོད་སྐྱོན་དང་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་རེད།
སྔོན་ཆད་བོད་ནང་འཛམ་གླིང་གཞན་ལ་མེད་པའི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་རིགས་ཆེས་མང་པོ་ཡོད་ཀྱང༌། རྒྱ་མི་སླེབས་རྗེས་བོད་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་རྩ་སྟོངས་སུ་འགྲོ་བའི་གནས་སུ་གྱར་ཡོད་པ་དང༌། བོད་ས་མ་ཤོར་གོང་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་ ༡༠༥༠ ཙམ་ཡོད་ནའང༌། ད་ལྟའི་ཆར་རིགས་ ༧༠ ཙམ་ལས་ལྷག་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རྩ་ཆེའི་རི་དྭགས་གཙོད་ལྟ་བུ་ལ་མཚོན་ན་དུས་རབས་བཅུ་དགུ་པའི་ལོ་སྨད་དང་བོད་ས་མ་ཤོར་གོང་གྲངས་འབོར་ས་ཡ་གཅིག་ལྷག་ཙམ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་ད་ཆར་གྲངས་འབོར་འབུམ་གཅིག་ཡས་མས་ཙམ་ལས་མེད་པར་གྱུར་ཡོད། བོད་དང་རྒྱལ་སྤྱིའི་ནང་གཙོད་ཀྱི་ཁུ་ལུ་ནག་ཚོང་དང་རྔོན་རྒྱག་སོགས་ཀྱི་དོན་རྐྱེན་གྲངས་ཉིས་བརྒྱ་མ་ཟིན་ཙམ་བྱུང་ཡོད་པ་དང༌། ཕྱི་ལོ་ ༡༩༦༠ ནས་ ༡༩༧༡ བར་ལོ་བཅུའི་རིང་འབྲོང་ལ་མཚོན་ན་མཚོ་སྔོན་མཚོ་ནུབ་ཁུལ་གཅིག་པུ་ནས་འབྲོང་དྲུག་སྟོང་ལྷག་རྔོན་རྒྱག་བྱས་ཡོད་པ་དང༌། འབྲོང་གནས་ཡུལ་ས་གནས་གཞན་ལ་ཡང་དེ་ལྟར་རྔོན་རྒྱག་བྱས་ཡོད་པ་བརྗོད་མ་དགོས་པ་རེད།
རྒྱ་ནག་གཞུང་གིས་དམག་དཔུང་དང༌། ལས་བྱེད། དྲག་ཆས་ཉེན་རྟོག་སོགས་རྩ་འཛུགས་བྱས་ཏེ་བོད་ཀྱི་རི་དྭགས་རྐྱང་དང༌། རྒོ་བ། ཤྭ་བ། གླ་བ། དོམ། གཟིག་སོགས་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་སྟེ་ཤ་པགས་རིགས་རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད་པ་དང༌། ལྷག་པར་དུ་རྒྱ་ནག་གཞུང་འབྲེལ་གྱིས་རྔོན་རྒྱག་རྭ་བ་བཙུགས་ཏེ་ཕྱི་རྒྱལ་མི་སྣ་རྔོན་རྒྱག་ཆེད་མགྲོན་འབོད་དང་འབྲེལ་བོད་ཀྱི་རྩ་ཆེའི་རི་དྭགས་རྣམས་ཆེད་དུ་རྔོན་རྒྱག་བྱེད་བཅུག་སྟེ་རིན་གོང་ཧ་ཅང་ཆེན་པོ་ལེན་གྱི་ཡོད་པ་རེད། བོད་ཀྱི་རི་སྐྱེས་སྲོག་ཆགས་རིགས་ཀྱི་ཐོན་ཁུངས་ཤ་དང༌། པགས་པ། གླ་རྩི། དོམ་མཁྲིས། སྤུ། ཁུ་ལུ། རྭ་ཅོ། ཤྭ་བའི་ཁྲག་རྭ་སོགས་རྒྱ་ནག་ཏུ་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད་པ་རེད། བོད་ཀྱི་རི་སྐྱེས་སྲོག་ཆགས་གནས་སྟངས་སྐོར་ཞིབ་ཕྲ་གཤམ་དུ་སྲོག་ཆགས་རེ་རེ་བཞིན་ངོ་སྤྲོད་ཡོད་པར་གཟིགས་གནང་ཡོད་བ་ཞུ།
རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚད་ལས་འདས་པ་བཏང་བའི་རྐྱེན་གྱིས་བོད་ཀྱི་སྲིད་པའི་གངས་རི་དང་འཁྱག་རོམ་དག་ལོ་རེ་བཞིན་ཞུ་ཚད་ཇེ་མཐོར་འགྲོ་བཞིན་པ་དེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་དོན་ལྟར་ན་བོད་ནང་གི་འཁྱག་རོམ་ཞུ་ཚད་དེ་མགྱོགས་པོ་ཡོད་པས། ཉེ་བའི་ལོ་ལྔའི་ནང་འཁྱག་རོམ་ཞུ་ཚད་བརྒྱ་ཆ་ ༥ ལ་སླེབས་ཡོད་པ་བཤད་ཡོད་པ་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་ནང་གསལ་བ་ལྟར་ན་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་སྐབས་སུ་མདོ་དབུས་མཐོ་སྒང་གི་འཁྱག་ཀླུང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༤༨༨༥༩་༡༨ ཟིན་གྱི་ཡོད་ཅིང༌། ད་ལྟའི་ཆར་འཁྱག་ཀླུང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༤༤༣༨་༤༠ མ་གཏོགས་མེད་པར་གྱུར་ཡོད་པས། ཉེ་བའི་ལོ་སུམ་ཅུའི་ནང་འཁྱག་ཀླུང་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༤༢༠་༧༨ ཇེ་ཉུང་དུ་སོང་ཡོད་པ་དང༌། ཆ་སྙོམས་ལོ་རེར་སྤྱི་ལེ་གྲུ་བཞི་མ་ ༡༤༧་༣༦ ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་འཁོད་འདུག
སྤྱིར་སའི་གོ་ལ་དྲོད་ཚད་ཇེ་མཐོར་འགྲོ་བཞིན་པར་བརྟེན། འཛམ་གླིང་ནང་འཇིགས་སྣང་འཕར་མ་སྤྲོད་བཞིན་ཡོད་པ་མ་ཟད། གདོང་ལེན་དང་ཁ་གཏད་བྱ་ཡུལ་གསར་པ་ཞིག་ཀྱང་ཆགས་ཡོད་པ་རེད། མིག་སྔར་རྒྱལ་ཚོགས་དང་འབྱོར་ལྡན་རྒྱལ་ཁབ་ཁག་གིས་གོ་སྒྲིག་བྱས་ཏེ་སའི་གོ་ལའི་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་དེ་ལ་གདོང་ལེན་བྱེད་ཕྱོགས་ཚོགས་འདུ་མང་པོ་བསྐོང་འཚོགས་བྱེད་བཞིན་པ་རེད། སའི་གོ་ལའི་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་དེ་འཛམ་གླིང་ཡང་རྩེ་བོད་ཀྱི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
ཐེངས་ 42376 བཀླགས་འདུག