Donate

ཁམས་འབྲི་རུ་རྫོང་ནགས་ལྷ་ཛམ་བྷ་ལར་གཏེར་བསྔོག་ལ་ངོ་རྒོལ།

རྒྱ་གཞུང་གིས་ཁམས་འབྲི་རུ་རྫོང་དུ་ཡོད་པའི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བརྩམས་པར་བརྟེན་ས་གནས་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། 

http://www.tibetexpress.net/images/stories/naglha_mine3.jpgཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༤ ཉིན་ཁམས་འབྲི་རུ་རྫོང་དུ་ཡོད་པའི་གནས་རི་གྲགས་ཅན་ནགས་ལྷ་ཛམྦྷ་ལར་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བརྩམས་པར་བརྟེན། ནགས་ཤོད་པད་དཀར་ཤང་ཡན་དང་རྩ་ལ་ཤང་ཚུན་དེ་བཞིན་ནག་ཆུ་ཁུལ་གནས་སྡོད་འབྲི་རུ་བ་བཅས་ཁྱོན་མི་མང་༤༥༠༠ལྷག་དང་མོ་ཊ་༡༠༠༠ ལྷག་སླེབས་ནས་གནས་རི་དེ་ནས་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་བྱེད་པར་ནགས་ལྷའི་ཉེ་འགྲམ་ཟླ་ཐང་ཤང་དུ་འཛོམས།
ཚེས་༢༥ ཉིན་རྒྱ་གཞུང་གི་དམག་མིའི་མོ་ཊ་ཆེ་ཆུང་ལྔ་བཅུ་ལྷག་མི་མང་འདུ་འཛོམས་བྱས་སར་སླེབས་ནས་དྲག་གནོན་བྱེད་རྩིས་བྱས་ཡོད་འདུག་པས།   ས་གནས་མི་མང་དང་དམག་མིའི་བར་གདོང་ཐུག་ཡོང་ཉེའི་ཛ་དྲག་གནས་སྟངས་ཆགས་ཡོད་འདུག
རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་བྱེད་འཆར་གྱི་གྲ་སྒྲིག་ཨང་གསར་བྱས་ཡོད་འདུག་ཀྱང་། ས་གནས་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱུང་རྐྱེན། ལམ་བཟོ་བ་དང་། གློག་བསྒྱུར་ས་ཚིགས་འཛུགས་སྐྲུན་གྱིས་ས་གནས་མང་ཚོགས་ལ་ཕན་བདེ་སྒྲུབ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་མི་བདེན་རྫུན་སྒྲིག་གི་གསལ་བསྒྲགས་བྱས་འདུག
ས་གནས་མང་ཚོགས་ཀྱིས་ནགས་ལྷའི་ཕྱོགས་ལ་གཏེར་ཁ་བསྔོག་འདོན་མི་ཆོག་པའི་ཁར། འགྲོ་ལམ་བཟོ་བ་དང་། གློག་འཕྲིན་གཏོང་ལེན་ལྕགས་སྡོང་འཛུགས་པ། གློག་བསྒྱུར་ས་ཚུགས་བསྐྲུན་པ་སོགས་མི་བྱེད་པའི་རེ་བ་ཞུས་པ་བཞིན། འབྲི་རུ་རྫོང་གིས་དེ་དོན་ཁས་ལེན་བྱས་པའི་ཁུལ་གྱི་གསལ་བསྒྲགས་ཞིག་ཀྱང་བཀྲམ་འདུག
དེ་བཞིན་འབྲི་རུ་རྫོང་གཡམ་འཕའ་གྲོང་ནས་ཡིན་པའི་མགོན་པོ་དང་ཨ་བུ་གཉིས་དེའི་སྐབས་ངོ་རྒོལ་བྱེད་པར་ཡོང་བའི་ལམ་བར་དུ་མོ་ཊ་རིལ་ནས་གྲོངས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
སྤྱིར་ད་ལྟའི་ཆར་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚོད་ཡིན་ཡང་འབྲི་རུ་མི་མང་གི་སོ་སོའི་ཡོན་འབབ་ཀྱི་ལས་དོན་བློས་གཏོང་ནས་བོད་ཀྱི་སྤྱི་དོན་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་དོན་ཆེད་མ་སྐུལ་དང་བླངས་ཀྱིས་འཛོམས་ཡོད་པ་རེད་ཅེས་བོད་ནས་མིང་ཤོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་བྱུང་།
ནགས་ལྷ་ཛམ་པ་ནི་འབྲི་རུའི་ལུང་པ་དེའི་མི་རྣམས་ལ་ཁ་འཛིན་སྡོང་གྲོགས་བྱེད་མཁན་གྱི་ལྷ་ཞིག་གནས་པའི་རི་ཡིན་པ་ཐུན་མོང་གི་གཅིག་གྱུར་གྱི་ངོས་འཛིན་དང་གསོལ་མཆོད་བྱེད་ཀྱི་ཡོད་པ་མ་ཟད། གཏེར་རྫས་ཀྱི་ཕྱུག་པའི་བོད་གངས་ཅན་གྱི་གནས་རི་གཞན་དང་མ་འདྲ་བའི་ཁྱད་འཕགས་ཞིག་ཀྱང་ཡིན་སྐོར་འདུག
གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། 

ཐེངས་ 42438 བཀླགས་འདུག