ས་འོག་ཕུག་ལམ་བཟོས་པར་ངོ་རྒོལ་དང་བོད་མི་འཛིན་བཟུང་།
ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༦ ཙམ་ནས་རྒྱ་གཞུང་གིས་སྡེ་དགེ་མཐིལ་ནས་ས་འོག་ཕུག་བཟོ་རྒྱུའི་ལས་འགོ་བཙུགས་ཏེ། ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ལས་མི་དང་འཕྲུལ་ཆས་ཆེད་གཏོང་གིས་མཛད་སྒོའང་བྱས་ཏེ། དངོས་སུ་ལས་འགོ་བཙུགས་པ་རེད།ལས་གཞི་འདི་ཐོག་མ་འགོ་བཙུགས་དུས་ནས། ས་གནས་བོད་མི་ཚོས། འདི་ལྟར་ས་བརྐོ་རྡོ་སློག་གི་ཐོག་ནས་ས་འོག་ཕུག་ལམ་བཟོས་ན། ང་ཚོའི་སྡོད་ཁང་ལ་གས་ཆག་དང་། འཚོ་བ་ལ་བརྡབ་གསིག་ཡོང་ངེས་རེད་ལ། དེ་བས་ཀྱང་ས་གནས་སུ་ཆུ་ལོག་དང་། ས་ཡོམ། རི་ཉིལ་བ། སྟོན་ཐོག་མི་ལེགས་པ། སྒོ་ཕྱུག་ལ་གོད་ཆག་སོགས་ཡོང་ཉེན་ཡོད་སྟབས། ཕུག་ལམ་བཟོ་རྒྱུ་འདི་ཅིས་ཀྱང་ཕྱི་འཐེན་བྱེད་རོགས་ཞེས་རེ་ཞུས་རིམ་པ་བྱས་ཀྱང་ཉན་འཇོག་མེད་པ་བཙན་ཤེད་ཀྱི་ལས་འགོ་བཙུགས་ཡོད།
གནས་སྟངས་དེའི་དབང་གིས་སྡོད་ཁང་མང་པོ་ཞིག་གཏོར་བཤིག་བཏང་ནས། བོད་མི་མང་པོ་ཞིག་ས་གནས་གཞན་དུ་མ་སྤོ་ཐབས་མེད་བྱུང་ཡོད། ཉེ་དུས་ནས་བཟུང་སྡོད་ཁང་གཞན་དག་མང་པོ་ཞིག་ལ་གས་སྐྱོན་དང་། ས་འོག་ཏུ་རྡིབ་བཞིན་པའི་ཛ་དྲག་གནས་སྟངས་དེ་འདྲ་ཐོན་གིན་ཡོད་སྟབས། ༢༠༡༣ ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ནས་ཛ་དྲག་ངང་ས་གནས་བོད་མི་བརྒྱ་ཡན་མན་ཙམ་ཕུག་ལམ་བཟོ་སར་འཛོམས་ཏེ། ངལ་རྩོལ་ལས་བྱེད་རྒྱ་མི་དག་བཀག་འགོག་གིས་ངོ་རྒོལ་བྱས་ཏེ་ལས་མཚམས་བཞག་བཅུག་པ་དང་། ཉི་མ་དེ་ནས་བཟུང་ཉིན་ལྟར་མང་ཚོགས་འདུ་འཛོམས་ཐོག་བཀག་འགོག་བྱེད་བཞིན་པ་རེད།
ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ ཉིན་ས་གནས་མི་མང་ཁག་ཅིག་སྡེ་དགེ་རྫོང་ཟེར་བའི་མགོ་གཙོའི་ལས་ཁུངས་སུ་མང་ཚོགས་བཅར་ནས། གནས་ཚུལ་རྣམས་ཞུས་ཤིང་། ལས་མཚམས་བཞག་དགོས་པའི་དགོས་འདུན་བཏོན་སྐབས། བོད་མི་ལྔ་ནང་དུ་ཁྲིད་ནས་མང་པོ་བཤད་འདུག་མོད། ཐག་གཅོད་ཁ་གསལ་དེ་འདྲ་ཅིའང་བྱས་མི་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པར་གློ་བུར་དུ་ལས་ཀ་དེར་བཀག་འགོག་བྱེད་མཁན་གྱི་གྲོང་ཚོ་(དཔོན་མདའ་རུ་)རྒྱ་དམག་ཕོན་ཆེན་ཞིག་ཕབ་ནས། བཀག་འགོག་བྱེད་མཁན་གྱི་བོད་མི་ཡོངས་རྫོགས་འཇུ་བཟུང་བྱས་ཟིན་པའི་གནས་ཚུལ་ཐོན་འདུག ད་ལྟ་ཤུལ་ལུས་མང་ཚོགས་ཀྱིས་འཇུ་བཟུང་བྱས་པ་རྣམས་མར་མ་གཏོང་ན། ང་ཚོའང་མཉམ་དུ་ཡར་འཇུ་བཟུང་བྱ་རོགས་ཞེས་བཤད་ནས་ཛ་དྲག་གི་གནས་ཚུལ་ཐོན་བཞིན་འདུག
ཐེངས་ 42335 བཀླགས་འདུག