Donate

རླན་གཤེར་གྱི་ས་གཞི་སླར་ཡང་སྔོ་ལྗང་ཅན་དུ་བསྒྱུར་བ།

བོད་ཀྱི་ས་མཐོ་སར་གཡག་འཚོ་བ་ནི་ས་གཞི་རློན་པ་བྱེ་ཐང་དུ་འགྱུར་བ་ལས་སྐྱོབ་པར་རོགས་བྱེད་པ་ཡིན། རྒྱ་ནག་གི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲགས་ལ་གདོང་ལེན་གྱིས་གོ་རྟོག་གོང་འཕེལ་གཏོང་བར་དམིགས་པའི་རང་དབང་ཅན་གྱི་སྒྲིག་འཛུགས་ (chinadialogue) ཞེས་པས་སྙན་ཐོའི་ནང་། མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན་སོགས་དང་ས་འབྲེལ་ཞིང་མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊར་ ༣‚༥༠༠ ཙམ་ཡོད་པའི་མཛོ་དགེ་ཁུལ་གྱི་མཚེའུ་དངརླན་གཤེར་ལྡན་པའི་ས་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་པའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་འཁོད་འདུག མཛོ་དགེ་ནི་རྒྱ་ནག་གི་རླན་གཤེར་གྱི་ས་ཁུལ་རྒྱ་ཁྱོན་ཆེ་ཤོས་གསུམ་གྱི་གཅིག་ཡིན་པ་དང་། འཛམ་གླིང་གི་ས་ཁད་མཐོ་སའི་ན་ཁ་རྒྱ་ཆེ་ཤོས་དེ་ཡང་ཡིན་པ་རེད།

ཕྱི་ལོ་ ༢༠༠༩ ལོར་ཟི་ཁྲོན་གྱི་རྩྭ་ས་བྱེད་འགྱུར་བཀོད་ཁྱབ་བསྟི་གནས་ཁང་གི་སྙན་ཐོ་བཏོན་པའི་ནང་། ཁུལ་དེའི་ཁད་མཐོ་སར་ཡོད་པའི་མཚེའུ་ ༢༠༠ ལས་མང་བ་བསྐམས་ཟིན་པ་དང་། རྩྭ་སའི་ཁྱོན་ཧེཀ་ཊར།  (hectare) (ཧེཀ་ཊར་གཅིག་ལ་ས་ཁྱོན་འཇལ་ཚད་མི་ཊར་གྲུ་བཞི་ཆིག་ཁྲིའི་ས་ཁྱོན་ཡོད།)  ༤༦‚༧༠༠ ཙམ་བྱེ་ཐང་དུ་གྱུར་ཟིན་པར་མ་ཟད་ད་དུང་དེ་ལས་མང་བ་བྱེ་ཐང་དུ་འགྱུར་སྲིད་པའི་ཉེན་ཁ་ཡོད་ལུགས་བཀོད་འདུག མིའི་བྱ་སྤྱོད་ཡང་དེའི་རྐྱེན་པའི་སྐྱོན་འཛུགས་བྱེད་སའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ས་ཆ་དེར་ཕྱུགས་ཟོག་ཧ་ཅང་མང་པོས་རྩྭ་བཟའ་བཞིན་ཡོད་ཅིང་། དེ་ནས་ཕྱི་ལོ་ ༡༩༧༠ ལོར་རླན་གཤེར་གྱི་ས་ཁྱོན་ཁི་ལོ་མི་ཊར་གྲུ་བཞི་མ་ ༡‚༤༠༠ རྩྭ་སར་བཟོར་བར་ཆུ་འཐེན་པའི་ཆེད་དུ་ཁི་ལོ་མི་ཊར་ ༢༠༠ ཡོད་པའི་ཡུལ་བ་བྲུ་རྒྱུའི་ལས་གཞི་འགོ་འཛུགས་བྱས་ཤིང་། དེ་ནི་ཕྱི་ལོ་ ༡༩༩༠ ལོར་ད་དུང་མཐུ་མཐུད་ནས་འགྲོ་བཞིན་ཡོད། ས་གནས་ཀྱི་གཏེར་ལས་བཟོ་གྲྭས་ཀྱང་དེར་ཆ་ཤས་བླངས་ཤིང་། གསེར་སྔོག་མཁན་ཚོས་ (cloud-seeding cannon) (སྤྲིན་པར་འཁྱགས་པའི་གོང་བུ་ཆུང་ངུ་དག་བཏང་ནས་ཆར་འབེབ་པ་དང་། ཡང་རྫས་འགའ་ཞིག་སྤྲིད་པའི་གསེང་དུ་བཏང་ནས་ཆར་མི་འབབ་པར་བཟོ་སྤྱད་དུ་སྤྱོད་པའི་ལག་ཆ་མེ་སྒྱོགས་འདྲ་བ་ཞིག་ཡིན།) བེད་སྤྱོད་བྱས་པ་དེའི་ད་ལྟར་རྩྭ་ས་བྱེ་ཐང་དུ་འགྱུར་བ་འགོག་ཐབས་བྱེད་པའི་འབད་བརྩོན་ལ་གནོད་རྐྱེན་བྱེད་ཀྱི་ཡོད་པ་དང་།

ས་གནས་ཀྱི་འབྲོག་པས་སྡོང་པོ་འཛུགས་བཞིན་པ།

འདས་པའི་ལོ་བདུན་གྱི་ནང་དུ་ས་གནས་ཀྱིས་འབྲོག་པས་སྔོ་ལྗངས་འདེབས་འཛུགས་བྱས་པར་བརྟེན་ད་ཆར་ས་ཁུལ་ཁ་ཤས་སླར་ཡང་སྔོན་པོར་འགྱུར་རྒྱུར་འགོ་འཛུགས་བྱེད་བཞིན་ཡོད་འདུག  རླུང་འགོག་བྱེ་འཛིན་གྱི་ཆེད་དུ་ཤིང་སྡོང་དང་། འཇག་རྩྭ་སོགས་ཀྱང་འདེབས་འཛུགས་བྱས་ཡོད་ཅིང་། སྔོ་རྩྭའི་སོན་ཡག་ཤོས་རྣམས་བསྲེས་ནས་འདེབས་ཀྱི་ཡོད་འདུག་ཀྱང་ཉུང་ཤས་ཙམ་ལས་ལེགས་གྲུབ་ཡོང་གི་མེད། བྱེ་ཐང་དུ་ས་བོན་སྨིན་སྟེ་མྱུ་གུ་ཁ་འབུས་པར་བྱེད་པའི་རླན་གཤེར་མེད་པ་དང་། ས་བོན་རྣམས་རླུང་གིས་འཁྱེར་འགྲོ་བ་སོགས་ཀྱིས་བྱེ་ཐང་གི་ནང་དུ་རྩྭ་སྐྱེ་རྒྱུ་ཧ་ཅང་ཁག་པོ་ཡོད་པ་རེད་འདུག

སྔོ་རྩྭའི་སོན་རྣམས་ས་འོག་ཏུ་རྫི་ཕྱིར་ཕྱུགས་ཟོག་འདེད་བཞིན་པ།

བུད་མེད་གཉིས་ཀྱིས་གཡག་རྣམས་ཀྱི་ལུས་ཧ་ཅང་ལྕི་བས་ཁོང་ཚོས་སྔོ་རྩྭའི་སོན་རྣམས་ས་འོག་ཏུ་རྫིས་ཏེ་འཇོག་མི་ཐུབ་བམ་ཞེས་འཆད་བཞིན་པ་ལསགཞི་དེའི་འགོ་བ་ཞིག་གིས་ཐོས་ཏེ་དེ་བདེན་སྙམས་པ་དང་། གཡག་གི་ལྕི་བས་ཀྱང་བྱེད་ཐང་འདི་དག་ས་རྒྱུ་གཤིན་པོར་བཟོ་ཐུབ་པར་སེམས། ད་ལྟའི་ཆར་གཡག་རྣམས་རྩ་འདེབས་དགོས་སར་བཏང་སྟེ་སྔོ་རྩྭའི་སོན་རྣམས་ས་འོག་ཏུ་རྫིར་འཇུག་གི་ཡོད་པ་དེས་ཉམས་གུད་དུ་གྱུར་པའི་རྩྭ་ས་ཕྱུང་འཚོ་བ་ལ་བརྟེན་ནས་སླར་གསོ་ཡོང་བའི་འབྲས་བུ་འོས་འཚམས་ཀྱིས་མངོན་བཞིན་མཆིས། ཁྲིན་ཏུ་རུ་ཡོད་པའི་རྒྱ་ནག་གི་ཆེས་ཐོའི་སྐྱེ་ལྡན་རིག་པའི་ཚན་རྩལ་བསྟི་གནང་ཁང་ (The Chinese Academy of Sciences at Chengdu Institute of Biology) གིས་མཛོ་དགེའི་རྩྭ་ས་བྱེ་ཐང་དུ་འགྱུར་བའི་སྐོར་ལ་ཉམས་ཞིབ་བྱས་ཏེ་སྒོ་ཕྱུགས་འོས་འཚམས་ཀྱིས་རྩྭ་ཁར་འཚོས་པས་རྩྭ་ས་བསྐྱར་གསོ་ཡོང་བར་ཕབ་ཐོགས་ཆེ་ལུགས་རྙེད་ཡོད་པ་དང་། ད་ལྟའི་ཆར་ཐབས་ལམ་འདི་ས་གནས་དུ་མར་བེད་སྤྱོད་བྱེད་བཞིན་པ་ཡིན་འདུག

མ་རི་ཋི་རཱ་ཝར་ཐ་ (Mary Trewartha) ཡིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནང་ཁང་གིས་བསྒྱུར།

ཐེངས་ 42382 བཀླགས་འདུག