Donate

རྩྭ་ཐང་ཉམས་རྒུད་དང་བྱེ་སར་འགྱུར་བས་འབྲོག་པ་འབྲོག་ས་ནས་འབུད་ཐབས།

སྤྱིར་བཏང་བཤད་ན་བོད་མཐོ་སྒང་གི་རྩྭ་ཐང་དང་སྤང་ལྗོངས་ཀྱི་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཏུ་འགྱུར་བར་དུས་ཡུན་རིང་པོའི་ནང་བྱུང་བའི་རྒྱུ་རྐྱེན་མང་དག་ལ་འགན་ཁུར་ཡོད་པ་ཞིག་ཡིན་རུང་། རང་འབྱུང་གནམ་གཤིས་ཚ་དྲོད་རྒྱས་པའི་གནད་དོན་ལས་གཞན་པའི་ཁོར་ཡུག་ཉམས་རྒུད་ཀྱི་ཚད་གཞི་མྱུར་དུ་གཏོང་བའི་རྒྱུ་རྐྱེན་གཅིག་ནི། བོད་མཐོ་སྒང་ཐོག་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་མིའི་བྱ་སྤྱོད་ཀྱི་རྣམ་གྲངས་མང་པོར་རག་ལུས་ཡོད།

ཕྱི་ལོ་ ༢༠༠༨ ལོར་ཕེང་ (Feng Y.) དང་ཁོང་གི་ལས་རོགས་ཚོས་ཉམས་ཞིབ་བྱས་པ་ལྟར་ན། འདས་པའི་ལོ་ངོ་སུམ་ཅུའི་རིང་གི་དུས་རིམ་མི་འདྲ་བའི་ནང་བྱུང་བའི་རྩྭ་ཐང་གི་ས་གཞི་བེད་སྤྱོད་བྱེད་སྟངས་ལ་འགྱུར་བ་བྱུང་བ་དེ་དག་གིས། ད་ལྟའི་དཀའ་ངལ་འདིའི་རྒྱུ་རྐྱེན་བྱས་ཡོད་པ་བཤད་འདུག མདོར་ན་སྤྱི་ཁང་སྐབས་ཀྱི་ཐོན་སྐྱེད་གཅིག་བསྡུས་དང་ད་ལྟའི་ཁྱིམ་གཞི་རང་བདག་ལམ་ལུགས་དར་བའི་དུས་རིམ་སྐབས་ཀྱི་འཆར་གཞི་ཡོངས་རྫོགས་ནི། རྩྭ་ཐང་བེད་སྤྱོད་ཀྱིས་ཞིང་ལས་ཐོན་སྐྱེད་༼ཡོངས་གྲགས་དགུན་ཁའི་སྟོན་ཐོག་ལ་གོ་བ་ཡིན།༽འབོར་ཚད་མཐོ་ཤོས་སུ་གཏོང་རྒྱུ་དེ་ཆགས་ཡོད། དུས་རབས་དེའི་རིང་གཞུང་གཉེར་ཞིང་ལས་དང་།     ཤིང་ནགས་ལས་དོན་པ། གཞུང་གཉེར་ཁེ་ལས་ཚན་པ་གཞན་དག་བཅས་ཀྱིས་བོད་དང་ནང་སོག་གི་རྩྭ་ཐང་ས་ཁྱོན་ཧེཀ་ཌར་ས་ཡ་ ༢༠ ཙམ་ཞིག་ཞིང་སར་བསྒྱུར་ཡོད། ཕྱི་ལོ་ ༡༩༥༠ ང་གྲངས་ནང་དེ་དག་ལ་གསར་བཏུལ་ཞིང་ས་ཞེས་མིང་འདོགས་བྱས་ཤིང་། ལམ་ལུགས་དེ་འདས་པའི་ལོ་བཅུ་ཕྲག་འགའི་རིང་རྒྱུན་མཐུད་དུ་བྱུང་ཡོད་པ་དང་། རྩྭ་ཐང་ཞིང་སར་བསྒྱུར་བའི་དབང་གིས་ད་ལྟའི་ཆར་རྩྭ་ཐང་དེ་དག་ཚབས་ཆེན་གྱིས་ཉམས་རྒུད་དུ་ཕྱིན་ཡོད།
དེང་སང་ང་ཚོས་བོད་མཐོ་སྒང་གི་རྩྭ་ཐང་ཁག་༼རྩྭ་ཐང་དང་དེའི་གཏན་ཆགས་འཁྱགས་རིམ་༽འདས་པའི་ལོ་བཅུ་ཕྲག་གསུམ་མམ། དེ་ལས་རིང་བའི་དུས་ཡུན་ནང་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་
ནང་འཕྲུ་སློག་བྱས་ཏེ། གནོད་ཚབས་ཆེ་བའི་རྫས་ལུད་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད། གཏན་ཆགས་འཁྱགས་རིམ་ཐོག་གི་གདོད་མའི་རྩྭ་ཐང་འདི་དག་ཐེངས་གཅིག་ཉམས་རྒུད་དུ་སོང་ཚེ། ད་ལྟའི་ཚ་དྲོད་ཆེ་བའི་གནམ་གཤིས་དང་། དེའི་མཇུག་འབྲས་དང་གཅིག་མཚུངས་ཀྱི་གནས་སྟངས་ཤིག་བོད་ས་མཐོའ་ིརྩྭ་ཐང་སྟེང་གི་འབྲོག་པ་ཚོར་མཚོན་ན། གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་མཇུག་འབྲས་འདི་དག་མྱངས་དང་མྱོང་བཞིན་ཡོད། ཚ་དྲོད་དང་སྐམ་ཤས་ཇེ་ཆེར་ཕྱིན་པས་ཁོང་ཚོའི་རྩྭ་ཐང་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅིང་། འདིས་འབྲོག་པ་རྣམས་ནས་སོ་སོའ་ིགནག་ཕྱུགས་རྣམས་ས་མཐོ་ས་དང་དཀའ་ངལ་ཆེ་སར་འཚོ་སྐྱོང་བྱེད་རྒྱུ་དེ་མ་གཏོགས་གདམ་ཀ་གཞན་ཅི་ཡང་མེད་པའི་གནས་སྟངས་ནང་ལྷུང་ཏེ་ཉེན་ཚབས་ཇེ་ཆེར་འགྱུར་བཞིན་ཡོད། གི་འོག་ཡང་བསྐྱར་སླར་གསོ་ཡོང་རྒྱུ་ནི་ཤིན་ཏུ་ནས་དཀའ་བ་ཡིན། དེང་སང་རྒྱ་ནག་གི་འགོ་ཁྲིད་པ་རྣམས་དང་ཉམས་ཞིབ་པ་འགའ་ཞིག་ལ་མཚོན་ན། མིའི་བྱ་སྤྱོད་དང་འབྲེལ་བའི་རྩྭ་ཐང་ཉམས་རྒུད་ཀྱི་ཉེས་ཅན་པའམ་ཁག་འདོགས་བྱ་ཡུལ་ནི་ཉེས་མེད་ཀྱི་སྒོ་ཕྱུགས་འཚོ་སྐྱོང་བ་རྣམས་དང་འབྲོག་པ་རྣམས་ཆགས་ཡོད། དེང་རབས་ཅན་དུ་བསྒྱུར་རྒྱུ་འམ་འཛིན་སྐྱོང་སྟབས་བདེ་ཞེས་པའི་ལས་དོན་ལ་ཁ་གཡར་ཏེ། འབྲོག་པ་དང་སྒོ་ཕྱུགས་འཚོ་སྐྱོང་བ་རྣམས་གཏན་སྡོད་གཞིས་སར་གནས་སྤོ་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད། འདི་ལྟར་
ས་གནས་གཅིག་ཏུ་སྡོད་པའམ། འབྲོག་སྡེ་གཏན་སྡོད་བྱེད་པའི་སྲིད་བྱུས་ཀྱིས་འབྲོག་པ་རྣམས་ཀྱི་སེམས་སྤོབས་ཉམས་པར་བྱས་པ་ཙམ་དུ་མ་ཟད། ཁོང་ཚོ་མ་འོངས་པར་དབུས་གཞུང་གི་སྐྱོབ་གསོར་མི་བརྟེན་ཀ་མེད་དུ་བསྒྱུར་ཡོད། ཆེད་མཁས་པ་འགའ་ཞིག་ལྟར་ན། རྒྱ་གཞུང་གིས་ཨ་མདོའི་ནང་འབྲོག་པའི་ཁྱིམ་ཚང་འབུམ་གཅིག་ཙམ་གཏན་སྡོད་ས་གནས་སུ་གཞིས་སྤོས་བྱས་ཟིན་ཡོད་པ་དང་། གྲངས་འབོར་འདི་ནི་ཨ་མདོའི་ནང་གི་བོད་རིགས་མི་འབོར་གྱི་ཕྱེད་ཙམ་ཟིན་གྱི་ཡོད། འབྲེལ་ཡོད་གཞུང་འབྲེལ་མི་སྣས་བོད་རང་སྐྱོང་ལྗོངས་ནང་ཕྱི་ལོ་༢༠༠༩ བར་ས་གནས་དེ་ཁུལ་གྱི་འབྲོག་པ་མང་ཆེ་བ་གཏན་སྡོད་ས་གནས་སུ་གཞིས་སྤོའི་ཆེད་ཨ་སྒོར་ས་ཡ་ ༨༠ གཏོང་འཆར་ཡོད་པ་བཤད་ཡོད་ཅིང་། ཡང་ཕྱི་ལོ་ ༢༠༠༨ ལོའ་ིཕྱི་ཟླ་ ༨ ནང་ཀན་སུའུ་ཞིང་ཆེན་གྱི་གཞུང་འབྲེལ་མི་སྣས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པ་ཁྱིམ་ཚང་ ༧༤ ༠༠༠ ཙམ་གཏན་སྡོད་ས་གནས་སུ་གཞིས་སྤོའ་ིཆེད་ཨ་སྒོར་ས་ཡ་ ༡༨ ༩ འགྲོ་གྲོན་གཏོང་རྒྱུ་ཡིན་པ་བཤད་ཡོད། ཨོ་སི་ཏྲོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་ཐོག་ཆེད་མཁས་པ་ཀེ་ཐེ་རིན་ (Katherine Morton) གྱིས་ཝིལ་སོན་ལྟེ་གནས་(Wilson
Centre) ཁང་དུ་ཉེ་དུས་གཏམ་བཤད་བྱས་པར། ཕྱི་ལོ་ ༢༠༠༠ ནས་བཟུང་ཕལ་ཆེར་བོད་རིགས་འབྲོག་པ་འབུམ་བདུན་ཙམ་ཞིག་གཏན་སྡོད་ས་གནས་སུ་གཞིས་སྤོ་བྱས་ཡོད་པ་བཤད་འདུག གསར་དུ་གནས་སྤོ་བྱས་པའི་འབྲོག་པ་ཁག་ལ་འདི་ག་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་འདྲི་བརྩད་བྱས་པར། ཁོང་ཚོ་གཏན་སྡོད་ས་གནས་སུ་སྤོ་བསྐྱོད་བྱེད་དུ་བཅུག་པ་དེས། ཁོང་ཚོའི་མཛེས་རིག་གི་རིན་ཐང་ལ་དོ་ཕོག་བཏང་བ་དང་ད་དུང་གདམ་ཀ་ཅི་ཡང་མེད་པར་ཁང་བརྩེགས་སྡོད་ཁང་ནང་སྤོ་བསྐྱོད་སྐབས། སྐྱབས་མེད་མགོན་མེད་ལྟ་བུའི་གནས་སྟངས་སུ་གྱུར་བའི་སྐོར་ཁ་གསལ་གྱིས་ལན་འདེབས་བྱེད་ཀྱི་འདུག འདི་ལྟ་བུའི་ཡར་རྒྱས་སུ་འདོད་པའི་ལས་རིགས་དང་དེང་རབས་ཅན་དུ་བསྒྱུར་བའི་གནས་སྟངས་འོག འབྲོག་པའི་སྤོ་བསྐྱོད་དང་རང་དབང་བརླག་བཞིན་ཡོད་ན་དེ་ནི། རྩྭ་ཐང་སྲུང་སྐྱོབ་ཟེར་བའི་གནད་དོན་དེ་ལས་བརྒལ་བའི་སྲིད་བྱུས་ཤིག་ཡོད་ངེས་རེད།
ཕྱི་ལོ་ ༡༩༩༨ ལོར་ནོ་བེལ་གཟེངས་རྟགས་བཞེས་མཁན་དཔལ་འབྱོར་རིག་པ་བ་མཁས་དབང་ཨ་མརཏྱ་སེན་(Amartya Sen) གྱིས་ཁོང་གི་ཕྱག་དེབ་<<རང་དབང་གི་རྣམ་པའི་ཡར་རྒྱས་>>ཞེས་པའི་ནང། "ཡར་རྒྱས་ཞེས་པ་དངོས་པོའ་ིདཔལ་ཡོན་གསོག་འཇོག་བྱེད་པ་ཙམ་ཞིག་ལ་གོ་རྒྱུ་མིན་པར། སྐྱེ་བོ་གང་ཞིག་གིས་རང་གི་རིན་ཐང་བརྩི་སའི་མི་ཚེའི་ཁ་ཕྱོགས་གདམ་ཀ་བྱེད་པའི་རང་དབང་གི་གོ་སྐབས་ཚད་མཐོར་གཏོང་རྒྱུར་གོ་དགོས་" ཞེས་གསུངས་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42143 བཀླགས་འདུག