Donate

རྩི་ཤིང་ལ་སྲོག་ཡོད་དམ།

རྩོམ་པ་པོ། མིག་བརྒྱད་པ། ཡོང་ཁུངས། ཁ་བརྡ་དྲ་བ། འཛམ་གླིང་འདིར་ཆོས་ལུགས་པ་དང་ཚན་རིག་པ་ཚོས་སྲོག་ཅེས་པའི་དོན་ལ་ངོས་འཛིན་སྟངས་མི་འདྲ་བ་ཁག་གཉིས་བྱུང་ཡོད། མདོར་བསྡུས་ན་སེམས་ཡོད་སྲོག་ལྡན་དང་སེམས་མེད་སྲོག་ལྡན་གཉིས་སུ་འདུས་པ་ཡིན། ནང་པའི་གཞུང་དུ་སྲོག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་པའི་སྐབས་སུ་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་སྲོག་ཏུ་འདོད། རྩི་ཤིང་སོགས་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དེ་འཇོག་དཀའ་མོད། འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་འཇོག །སྲོག་ལྡན་གཅིག་ལ་སྲོག་གི་དབང་པོ་མི་འདྲ་བ་གཉིས་ང་ཚོས་ཀྱང་བཞག་མེད་ལ་ཚན་རིག་པས་ཀྱང་འཇོག་གི་མེད། ཆོས་མངོན་པ་མཛོད་ལས་མི་ལ་སྐྱེས་གནས་བཞི་ག་ཡོད་པར་གསུངས་པ་ལྟར། བསྐལ་བ་དང་པོའི་མི་རྫུས་སྐྱེས་དང་། བྱ་ཁྲུང་ཁྲུང་ལས་སྐྱེས་པ་གནས་བརྟན་གྲགས་པ་དང་རི་དྭགས་འཛིན་གྱི་བུ་སུམ་ཅུ་རྩ་གཉིས་ནི་སྒོང་སྐྱེས། ཆུ་ཤིང་སྡོང་པོ་ནས་བུ་མོ་ཞིག་སྐྱེས་པ་ཕྱིས་སུ་རབ་ཏུ་བྱུང་ནས་དགེ་སློང་མ་སྐྱོང་མར་གྱུར་བ་ལྟ་བུ་དྲོད་གཤེར་སྐྱེས་ཡིན། མངལ་དུ་མེར་མེར་ནུར་ནུར་གྱི་སྐྱེ་མཆེད་དོད་ནས་ཕྱིར་རོལ་དུ་བཙས་བ་མི་དང་རྟ་གླང་ལྟ་བུ་མངལ་སྐྱེས་སུ་འཇོག་གོ །སྤྱིར་ན་སྲོག་ཅེས་པའི་དོན་མི་འཆི་བར་འཚོ་ནུས་པའི་དོན་དུ་འཇོག་ན་ནང་ཚན་གཉིས་ཀ་ལ་འགལ་བ་མེད་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གདགས་པ་ལས་ཚེ་ཟད་དེ་འཆི་བ་དང་བསོད་ནམས་ཟད་ནས་འཆི་བ་གཉིས་ལ་མུ་བཞི་ཡོད་པར་བཤད་པ་ལྟར། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། འདུལ་ཊཱིག་ཉི་མའི་འོད་ཟེར་ལས། སྲོག་ལ་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། ཞེས་དང་། མཛོད་འགྲེལ་ལས་ཀྱང་། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་དབུགས་གཏོང་ལེན་བྱེད་པ་ལ་སྲོག་ཏུ་བཤད་པའི་ཕྱིར་རོ།། སྔགས་ཀྱི་སྐབས་སུ་བསམ་གཏན་ཕྱི་མ་ལས། སྲོག་དང་རྩོལ་བ་རབ་ཏུ་བསྡམ།།ཞེས་སྲོག་རྩོལ་གྱི་དོན་བཤད་པའི་སྐབས་སུ་དབང་པོའི་སྒོ་སོགས་དང་སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་འཇུག་བྱེད་པའི་རླུང་ནི་སྲོག་ཡིན་ལ། ཞེས་རླུང་འབྱུང་འཇུག་བྱེད་པ་ལ་སྲོག་ཏུ་བཤད་པ་དང་། སྔགས་བླ་མེད་ཀྱི་སྐབས་སུ་རོ་རྐྱང་གི་རླུང་རྒྱུ་བ་སྲོག་ཏུ་བཤད་ཅིང་། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་བོ་དེ་མངལ་གྱི་གནས་སྐབས་སུ་ཆགས་ཀྱང་མ་བཙས་བར་དུ་སྣ་བུག་ནས་འབྱུང་འཇུག་མི་བྱེད་པར་བཤད།

མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ལ་ཐུག་གི་བར་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ། །དཔེར་ན་མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་དེ་སྲོག་ལྡན་ཡིན་པས་སྣ་བུག་ནས་དབུགས་གཏོང་ལེན་མི་བྱེད་ཀྱང་། ཟས་བཅུད་ལེན་པ་དང་དབུགས་གཏོང་ལེན་ངེས་བར་བྱེད་དགོས་པས་ཇི་ལྟར་བྱེད་སྙམ་ན་ཨ་མའི་ཁྲག་རྩ་དང་ཤ་མ། བུའི་ལྟེ་ཐག་སོགས་བརྒྱུད་ནས་གཟུགས་པོའི་ནང་ཟས་བཅུད་དང་འཚོ་རླུང་ལེན་པ་དང་དེ་བཞིན་རླུང་བཙོག་དང་སྙིགས་རོ་སོགས་ལྟེ་ཐག་བརྒྱུད་ནས་ཕྱིར་འདོན་གྱི་ཡོད་པ་རེད། གནའ་བོའི་རྒྱ་གར་གྱི་གཅེས་བུ་བ་དག་གིས། རྩི་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར་ཞེས་རྩི་ཤིང་སེམས་ལྡན་དུ་འདོད་པ་ལ། དབུ་མ་སྙིང་པོ་ལས། ལྗོན་ཤིང་སེམས་དང་བཅས་པ་མིན།།སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར། དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར།།ཕག་དུམ་བཞིན་དུ་བེམ་པོ་ཡིན།།ཞེས་གསུངས་པ་ལྟར་རྩི་ཤིང་ནི་སྐྱེ་གནས་བཞིས་མ་བསྡུས་པ་དང་བཅད་ཀྱང་ཚོར་བ་སྡུག་བསྔལ་མྱོང་རྒྱུ་མེད་པའི་ཕྱིར་རྩི་ཤིང་སེམས་ལྡན་དུ་མི་འདོད་དོ། །

གཏམ་རྒྱུད་གསེར་ཐང་ལས། སན་དེའུ་(Sundew) བྱ་བ་དང་། བིན་ས་(Pitcher)བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་ཏུ་བྱས་ཏེ་ས་ལ་འདོར་ཞིང་། ༼འབུ་རོ་ཕྱིར་འདོན་པའི་དོན༽།སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་། རོ་མཐའ་ལ་སྤུངས་ནས་འོངས། ཞེས་གསུངས་པ་ལྟར་ཤ་གཟན་རྩི་ཤིང་དེ་གཉིས་ནི་དེང་སང་ཨ་རིའི་ཡུལ་ན་ཡོད་པའི་རྩི་ཤིང་ཞིག་ཡིན་པ་རེད། ཉི་ཚེ་བའི་དམྱལ་བ་དང་སྟོན་པས་སྐྱེས་པ་གཅོད་པའི་ལྟུང་བྱེད་གསུངས་པ་དེ་ལ་ཅུང་ཟད་བསམ་ན་རྩི་ཤིང་ལ་མཐའ་གཅིག་ཏུ་སྲོག་མེད་ཅེས་སྨྲ་མི་སྤོབས། ཚན་རིག་པས་རྩི་ཤིང་སྲོག་ལྡན་དུ་འདོད་པ་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར་ཟེར་ན་དེ་ལ་ལན་ཅི་ཞིག་འདེབས། རྟགས་མ་གྲུབ་ཟེར་ན་ཚན་རིག་པ་ཚོས་བརྟག་དཔྱད་བརྒྱ་ཕྲག་གི་ལམ་ནས་རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ་གསར་བརྙེད་བྱུང་ཚར་བ་རེད། ཨ་རིའི་ཨེ་མོ་རའི་ཚེ་སྲོག་ཚན་རིག་སྡེ་ཚན་དག་གིས་བཏོན་པ་ལྟར་ན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། རིགས་རྫས་གང་ལས་གྲུབ་པའི་(DNA)་དེ་དག་སྐྱེ་རྡུལ་ཕྲ་གཟུགས་ཀྱི་ནང་དུ་ཡོད་པ་དང་། སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་(cell)དུ་མ་འདུས་པ་ལས་ཕུང་གྲུབ་(tissue)གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་(organ)དབང་པོ་གྲུབ། དེ་གཅིག་གམ་དུ་མ་འདུས་པ་ལས་(organism)སྲོག་ལྡན་གྲུབ་པ་ཡིན། འཕེལ་འགྱུར་གྱི་རྒྱུད་རིམ་དེ་སྐྱེ་ལྡན་ཀུན་ལ་གཅིག་གྱུར་དུ་གྲུབ་ཡོད་ཀྱང་རྩ་བའི་རིགས་རྫས་སྒྲུབ་གཞི་ཌི་ཨེན་ཨེན་(DNA)ནང་གསེས་ཀྱི་བཀོད་རིམ་ཁྱད་པར་ཕྲ་མོ་ཞིག་གི་རྐྱེན་གྱིས། སྐྱེ་ལྡན་ཉེ་རིགས་གཅིག་གི་ཚོགས་འདུས་ནང་ཁེར་གཟུགས་སོ་སོར་ཁྱད་པར་ཕྲན་བུ་འབྱུང་སྲིད་པར་བཤད་པ་ལྟར། བགྲང་གིས་མི་ལང་བ་དང་རྫོགས་མཐའ་མེད་པའི་སྲོག་ལྡན་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་དག་(DNA)ཡི་འཁོད་རིམ་མི་འདྲ་བ་ལ་བརྟེན་ནས་བྱུང་བར་ཚན་རིག་པ་ཚང་མས་ཁ་གཅིག་གྲགས་སུ་ཁས་ལེན། ཌར་ཝིན་གྱི་འཕེལ་འགྱུར་རིག་པ་དང་མན་ཊེལ་གྱི་སྲན་མའི་ཞིབ་འཇུག་རྙེད་སོན་གྱི་ རིག་པ་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་དངོས་རིག་པའི་བྱ་བཞག་ལ་ཕན་ནུས་ཆེན་པོ་ཞིག་ བྱུང་ཡོད་པ་རེད། ཌར་ཝིན་གྱིས་སྐྱེ་ལྡན་ཀུན་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་པར་བཞག་ལ། ཁྱིམ་རྒྱུད་སྡོང་པོ་ཞེས་འབོད་པའི་དཔེ་མཚོན་དེས་སྐྱེ་ལྡན་ཀུན་ལ་ཕན་ཚུན་གཉེན་ཚན་གྱི་འབྲེལ་བ་ཡོད་པར་བལྟས་བ་རེད། ཅེས་བཤད། རིགས་པ་འདིས་སའི་གོ་ལའི་སྟེང་གི་སའི་གོ་ལའི་སྟེང་གི་ཚེ་སྲོག་ཁྱིམ་རྒྱུད་ཀྱི་ཐུན་མོང་གི་གདོད་མའི་མེས་པོ་(DNA)བཀོལ་ཏེ་ལོ་ངོ་ཐེར་འབུམ་དུ་མའི་གོང་ནས་འཕེལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པའི་སྐྱེ་ལྡན་ཀུན་གྱི་ནང་དུ་ཌི་ཨེན་ཨེན་གསོག་ཉར་བྱས་ནས་ཡོང་ཡོད་པར་བཤད་ཡོད། ང་ཚོའི་གོ་ལ་འདི་ཐོག་མར་ཚ་ཤུགས་ཆེ་བ་ནས་འཁྱགས་པའི་དུས་རབས་བར་རིམ་པས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་བྱུང་ཡོད་པ་དང་། ཚེ་སྲོག་དེ་ཚོ་ཐོག་མར་ཇི་ལྟར་བྱུང་བ་དང་སྲོག་མེད་ཅིག་ལས་སྐྱེ་འཕེལ་བྱུང་བ་ཡིན་ནམ། ཡང་ན་སྐར་རྡོ་ཟེགས་ཏེ་གོ་ལ་གཞན་གྱི་ཚེ་སྲོག་གླིང་འདིར་འཕོ་འགྱུར་བྱུང་བ་ཞིག་ཡིན། འདི་ནི་གནད་དོན་ཞིག་རེད། ཕྲ་ཕུང་གི་རིགས་པའི་གཞུང་ལུགས་ལྟར་ན་རྩ་བའི་ཁས་ལེན་གཉིས་ཡོད།

གཅིག །སྲོག་ལྡན་ཀུན་ཕྲ་ཕུང་ལས་གྲུབ་པ་དང་། གཉིས། ཕྲ་ཕུང་ཀུན་ཕྲ་ཕུང་གཞན་ལས་གྲུབ་པ་བཅས་ཡིན། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ལྡག་གུ་དེ་ཡང་དུག་སེལ་བཏང་།

གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། སྲོག་ལྡན་དང་སྲོག་མེད་ཀྱི་སྡེ་ཚན་གང་དུའང་མི་གཏོགས་པ་ནི་རྩི་ཤིང་གི་ས་བོན་དང་སེམས་ཅན་གྱི་ནད་དུག་ལྟ་བུར་ངོས་འཛིན་པ་དང་། ནད་འབུ་ཕྲ་རབ་ལྟ་བུ་ནི་གཞན་འཚོས་སྐྱེ་ལྡན་གྱི་རིགས་ཤིག་ཡིན། དེ་ཕྲ་ཕུང་གི་ནང་དུ་ཞུགས་ནས་དུག་སྲིན་གསར་བ་གཞན་སྐྱེད་སྤེལ་ནུས་ལ། རང་གི་གནས་ཡུལ་ཕྲ་ཕུང་གི་ཕྱི་རོལ་དུ་གྱར་ཚེ་ནད་འབུ་འདི་དག་འཚོ་གནས་བྱེད་ཐུབ་ཀྱང་རྒྱུད་སྤེལ་བྱེད་མི་ཐུབ་པར་བཤད་ཡོད། ཚན་རིག་པ་ལ་ལས་ཡུལ་དུས་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་ཚ་དྲོད། ཆུ། ནག་རྫས་དང་ནེ་ཏྲོན་ཇེན་བཅས་ཀྱི་འདུས་ཚོགས་འོས་འཚམས་ཤིག་བྱུང་ཚེ་དེར་སྐྱེས་དངོས་སྐྱེ་རུང་ཡིན་པར་བརྗོད་ཅིང་། ལྷག་པར་ཉེ་བར་མཁོ་བའི་སྐུལ་རྫས་སོགས་རྒྱུ་ཚོགས་གྲངས་ཚང་བ་ལས་དུས་ཡུན་རིང་པོ་མི་ཐོགས་པར་ལོ་གཅིག་གི་ནང་ཚུད་དུ་སྐྱེ་དངོས་སྲོག་ལྡན་གསར་བ་འགྲུབ་ངེས་ཡིན་པར་བཤད་དོ།།ཐོལ་བྱུང་སྐྱེ་འཕེལ་འདོད་པའི་རིག་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་ནི་སྲོག་མེད་ཀྱི་དངོས་རྫས་དག་ལས་བྱུང་བ་ཡིན་སྟབས་དུས་ཡུན་ཐུང་ངུའི་ནང་གློ་བུར་འཐོན་གྱི་ཡོད་པར་བཤད་དོ། །མཁས་དབང་སྐྱེ་དངོས་རིག་པ་བ་[Dr.Herbert-Wendt]ཡིས་རྒྱ་མཚོ་ནི་མ་དང་འདྲ་བའི་སྐྱེ་དངོས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན་པར་བརྗོད། འཇིག་རྟེན་གྱི་མིའི་འགྲོ་བ་ཐོག་མ་དེ་བསྐལ་བ་ཡ་ཐོག་གི་རྒྱ་མཚོའི་འདམ་རྫབ་ནང་ནས་གྲུབ་ཅིང་། ད་ལྟའི་རྩི་ཤིང་གི་བརྒྱ་ཆ་༩༠་ཐམ་པ་ད་དུང་ཡང་རྒྱ་མཚོའི་ནང་ན་འཚོ་བཞིན་ཡོད་པ་དང་དེང་སྐབས་ཡ་མཚན་ཆེ་བའི་སྐྱེ་དངོས་དེ་དག་ཐམས་ཅད་ཐོག་མར་རྒྱ་མཚོ་ནང་ནས་འཕེལ་སྐྱེད་བྱུང་བ་ཞིག་རེད་གཏམ་བཤད་སྤེལ་ཡོད་པ་རེད། སྤྱི་ལོ་༡༦༦༥་ལོར་དབྱིན་ཇིའི་ཚན་རིག་པ་(Robert hooke)ཁོང་གིས་ཕྲ་མཐོང་ཆེ་ཤེལ་བརྒྱུད་བེ་དོའི་སྐྱི་དཀར་གྱི་དུམ་བུ་ཕྲ་མོ་ལ་ལྡབ་སུམ་ཅུའི་ཆེ་རིམ་ནས་ལྟ་ཞིབ་བྱས་སྐབས་ཕྱི་ཤུན་གྱི་སྟེང་དུ་ཁོང་གིས་ཨི་ཁུང་ཆུང་ཆུང་མང་པོ་མཐོང་བ་དང་ཁོང་གིས་མཐོང་བ་དེ་ནི་དོན་དངོས་ལ་ཕྲ་ཕུང་གི་ཕྱི་ཤུན་ཡིན་ཡང་དེ་ལ་cell་ཞེས་མིང་གསར་དུ་བཏགས། དེ་ནས་བཟུང་སྟེ་ཚེ་སྲོག་གི་རིག་པའི་གཞུང་ལུགས་མཐར་ཐུག་གི་གྲུབ་དོན་ཏེ་སྐྱེས་དངོས་ཡོད་ཚད་སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་པ་དེ་རེད། སྐྱེ་དངོས་དེ་དག་ཡུན་རིང་གནས་པ་ལ་རླུང་ནི་མེད་དུ་མི་རུང་བ་དང་། སེམས་ཅན་དང་རྩི་ཤིང་ཚང་མས་དབུགས་གཏོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་རླུང་མེད་པར་སྲོག་ལྡན་གཅིག་ཀྱང་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་ལ། དེར་བརྟེན་ཚེ་སྲོག་གི་རྒྱུན་སྤེལ་བ་ལ་ཟས་བཅུད་དང་འཚོ་རླུང་གཉིས་ལྷན་དུ་རྫས་སྦྱོར་གྱི་ནུས་ཤུགས་དགོས་ཀྱི་ཡོད་པ་རེད། སེམས་ཅན་དང་རྩི་ཤིང་འཚོ་གནས་ཐུབ་པ་ལ་ངེས་བར་ཟས་བཅུད་དགོས་པ་དང་ཟས་བཅུད་དེ་ནུས་ཤུགས་ཀྱི་ངོ་བོར་གྱུར་ནས་མུ་མཐུད་དུ་ཚེ་སྲོག་སྤེལ་གྱི་ཡོད་པ་རེད།།

ཐེངས་ 42943 བཀླགས་འདུག