རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱབ་པར་བརྟེན་རྫ་ཆུའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་འདུག
༢༠༡༩ ཟླ་༧ ཚེས་ ༢༥ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དུ་འཁོད་དོན། ལོསུ་(Laos)་རྒྱལ་ཁབ་ནང་གི་རྫ་ཆུའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག
དེ་ཡང་རྫ་ཆུའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་དེ་ནི་རྒྱ་ནག་གིས་ཆུ་འགོར་ཆུ་མཛོད་དང་ཆུ་རག་མང་པོ་རྒྱབ་པའི་རྐྱེན་གྱིས་ཡིན་སྲིད་པ་ཁྱིམ་མཚེས་ཡུལ་མི་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག
ལོ་ལྟར་དབྱར་དུས་སུ་ཆར་ཞོད་སོགས་ཀྱིས་རྫ་ཆུ་གཙང་པོའི་ཆུ་བོ་རྒྱས་པ་མ་ཟད། གཙང་ཆུའི་ནང་རྒྱུག་བཞིན་པའི་ཉ་ཡང་ཆུང་རུ་ཕྱིན་ཡོད་པར་བརྟེན་ནས། དེང་སྐབས་རྫ་ཆུ་གཙང་པོའི་རྒྱུད་དུ་འཚོ་གནས་བྱེད་མཁན་གྱི་ཐེ་ལན་ཊི་སོགས་ཡུལ་གྲུ་ཁག་གི་མི་མང་ཚོའི་འཚོ་གནས་ཡར་རྒྱས་སུ་འགྲོ་བའི་དུས་སྐབས་ཤིག་ཀྱང་ཡིན་པ་རེད། ཡིན་ནའི་ཉེ་བའི་ལོ་ཤས་དང་ལྷག་པར་དུ་ད་ལོའི་དབྱར་དུས་རྫ་ཆུ་གཙང་པོ་ཧ་ཅང་ཆུང་རུ་ཕྱིན་པའི་ཁར་གཙང་ཆུའི་ནང་རྒྱུག་བཞིན་པའི་ཉ་ཡང་ཆུང་ཆུང་མ་གཏོགས་མེད་པར་བརྟེན། གཙང་ཆུར་བརྟེན་ནས་འཚོ་གནས་བྱེད་མཁན་གྱི་ས་གནས་མི་མང་ཚོའི་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། གཙང་ཆུར་ཞིབ་འཇུག་གནང་མཁན་གྱི་རིགས་གཅིག་རྐང་འཛིན་པ་ཁག་ཅིག་དང་། ས་གནས་མི་མང་ཚོས་རྫ་ཆུའི་ཆུ་འགོར་རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱབ་པའི་རྐྱེན་གྱིས་རྫ་ཆུ་གཙང་པོའི་ཆུ་བོར་བརྟེན་ནས་འཚོ་བ་བསྐྱལ་མཁན་ས་གནས་མི་མང་ཚོའི་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་ཁར། ས་གནས་དེ་ཚོའི་ནང་ད་ལོ་དབྱར་དུས་སུ་ཐན་པ་ཤུགས་ཆེ་བྱུང་བར་བརྟེན་འབྲས་དང་། འབྲུ་རིགས་འདེབས་མཁན་གྱི་ཞིང་པ་ཚོར་ལོ་ཏོག་ལེན་རྒྱུ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེའི་སྔོན་ཆུ་མཛོད་ཁག་ཅིག་གི་ཆུ་གློད་ནས་རྫ་ཆུའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་པའི་གནས་སྟངས་སེལ་ཐབས་བྱ་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། གཙང་ཆུའི་ཆུ་ཤུགས་ཆུང་དུ་འགྲོ་བཞིན་པའི་གནས་སྟངས་མུ་མཐུད་གནས་བཞིན་པར་བརྟེན་རྫ་ཆུ་གཙང་པོ་དེ་བཞིན་ནམ་ཞིག་མེད་པར་འགྱུར་སྲིད་པ་མི་མང་པོས་སེམས་ཚབས་བྱེད་བཞིན་ཡོད་པ་རེད།
རྫ་ཆུ་གཙང་པོའི་ཆུའི་ཚད་གཞི་དམའ་རུ་འགྲོ་བཞིན་པའི་གནས་སྟངས་དེ་རྨང་གཞི་ནས་སེལ་མ་ཐུབ་ཚེ་སྐབས་འཕྲལ་ཆུ་མཛོད་ཀྱི་ཆུ་གློད་པ་སོགས་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ལས་རྒྱུན་རིང་གཙང་ཆུའི་རྒྱུན་ལྡན་འགྲོ་རྒྱུག་ལ་ཕན་ཐོག་མེད་པ་མ་ཟད། རྫ་ཆུ་གཙང་པོའི་ནང་འཚོ་གནས་བྱས་ཡོད་པའི་ཧ་ཅང་དཀོན་པའི་ཉ་སྨྲ་ར་ཅན་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་ཡོད་པ་གཙང་ཆུའི་ཐོག་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཚོས་ཉེན་བརྡ་བཏང་གི་ཡོད་པ་རེད།
source by:https:https://www.rfa.org/tibetan/sargyur/mekong-river-07252019135906.html
ཐེངས་ 4216213 བཀླགས་འདུག