རྒྱ་གར་ནང་མཚོ་རླུང་གིས་གོད་ཆགས་ཚབ་ཆེན་བཏང་བ།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཨན་དྷ་ར་དང་ཨོ་རི་ས་མངའ་སྡེ་གཉིས་ནང་མཚོ་རླུང་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག
ཁ་སང་རྒྱ་གར་ལྷོ་ཕྱོགས་ཨན་དྷ་ར་པར་དྷེ་ཤི་མངའ་སྡེའི་གྲོང་ཁྱེར་ཝུ་ཤི་ཁཱ་པཱ་ནམ་ (Visakhapatnam) དང་ཤིར་ཁཱ་ཁུ་ལམ་ (Srikakulam)། ཝུ་ཛི་ནཱ་གྷ་རམ་ (Vizianagaram)གཙོས། ཨོ་རི་ས་མངའ་སྡེའི་མཚོ་ཁུལ་ཁག་ཅིག་ལ་ཤུགས་ཚད་ལ་ (kmph 180-195) ཙམ་ཡོད་པའི་མཚོ་རླུང་ཧུ་དྷོ་ (Hudhud) ཞེས་པ་ཞིག་ལྡང་སྟེ། མཚོ་རླུང་རྒྱག་ཡུལ་གྱི་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་ཆུ་ལོག་བརྒྱབ་པ་དང་ཤིང་སྡོང་རྩ་འགོག་བཏང་བ། ཁ་པར་གྱི་གློག་ལམ་ཆད་པ། མེ་འཁོར་དང་གནམ་གྲུ་འགྲོ་བསྐྱོད་བྱེད་མ་ཐུབ་པ། སོ་ནམ་ཞིང་ལས་ལ་གནོད་སྐྱོན་ཐེབས་པ། ཁྱིམ་ཚང་འབུམ་ ༣ ལྷག་ལ་གློག་ཆད་པ་སོགས་བྱས་ཏེ། མི་ ༩ བསད་པ་དང་གཞན་སྡོད་ཁྱིམ་ ༥༠༠༠༠ ལྷག་གཏོར་བཤིག་བཏང་བ། མི་འབུམ་བཞི་ལྷག་ས་གཞན་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་མ་ཟད། ཧིན་སྒོར་ཀཱ་རའོ་ཁྲི་གཅིག་ (Rs 10,000 crore)ལྷག་གི་གྱོང་གུད་བཟོས་ཡོད་སྐོར་བསྒྲགས་འདུག
འདིའི་ཐད་ཨན་དྷ་ར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཅན་དྷར་བྷ་བྷུ་ནེ་དྷུ་ (N Chandrababu Naidu) ཡིས། “ང་ཚོས་རང་བྱུང་གི་གོད་ཆག་འགོག་ཐབས་མེད་སྟབས། ད་ལྟ་ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་མཚོ་རླུང་གི་རྐྱེན་ངན་འཕྲད་པའི་མང་ཚོགས་ཚོའི་ཚེ་སྲོག་སྐྱོབ་ཐབས་བྱེད་བཞིན་ཡོད། ད་རེབ་མཚོ་རླུང་འདིས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་དབུས་གཞུང་གི་རོགས་རམ་འོག གོད་ཆག་ཁྲོད་ཀྱི་མང་ཚོགས་ཚོའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཡོད་ཀྱང་། ད་དུང་མང་པོ་ཞིག་སྡུག་བསྔལ་ནང་ལྷུང་ཡོད་སྟབས། གཏོང་ཕོད་ཅན་དང་སེམས་བཟང་ཅན་ཚོས་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་རྒྱུ་ཡིན”ཞེས་བརྗོད་འདུག
ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱ་ཝན་ (Naveen Patnaik) གྱིས། “ད་ལྟ་ང་ཚོས་མཚོ་རླུང་གི་འགྱུར་འགྲོས་ལ་རྟོག་ཞིབ་བྱས་ཏེ། གནས་སྟངས་ལ་དཔག་པའི་སྔོན་འགོག་བྱེད་བཞིན་ཡོད། ཉིན་ཤས་རིང་མང་ཚོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། གལ་ཏེ་དགོས་གལ་བྱུང་ཚེ་མཁའ་དམག་གིས་ཉེན་སྐྱོབ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་གཉིས་ལ་མཚོ་རླུང་ཧུ་དྷོ་ཞེས་པ་ལྡང་སྟེ། ད་བར་ཨན་དྷ་ར་མངའ་སྡེའི་ཡུལ་མི་ ༦ རྐྱེན་ལམ་ཕྱིན་ཡོད་པ་དང་། གྲོང་གསེབ་ ༣༢༠ ཡི་ཡུལ་མི་ ༢༤༨༠༠༠ ལྷག་ལ་གནོད་སྐྱོན་ཐེབས་ཡོད་པ་དང་། ཡུལ་མི་ ༡༣༥༢༦༢ ཙམ་ཉེན་སྐྱོབ་ས་ཁུལ་ ༢༢༣ ནང་གནས་སྤོ་བྱེད་དགོས་ཐུག་སྟབས། དེ་རིང་ཨན་དྷ་ར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གོད་ཆག་བྱུང་སའི་ཡུལ་དངོས་ནང་བསྐྱོད་དེ། མང་ཚོགས་ཚོའི་བདེ་སྡུག་ལ་ལྟ་སྐྱོང་དང་འབྲེལ། རྒྱ་གར་གྱི་མཁའ་སྐྱོད་ཚན་རྩལ་ལྟེ་གནས་ཁང་བརྒྱུད་ཉེན་འཕྲད་མང་ཚོགས་ཚོར་མཚོ་རླུང་གི་གནས་སྟངས་སྐོར་ལ་གོ་རྟོགས་སྤེལ་བ་མ་ཟད། ངོ་དེབ་དང་ཌེའུ་ཌར་ (Twitter)། ཝོག་སེ་ཨེབ་(Whatsapp)སོགས་ནང་མིང་བྱང་ (AP Disaster Management) ཞེས་པ་ཞིག་གསར་བཟོ་བྱས་ཏེ། ད་ལྟ་མང་ཚོགས་ལ་མཚོ་རླུང་གི་རྐྱེན་ངན་དག་ངོ་སྤྲོད་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གིས་ཉིན་མོ་འདི་ནི་རང་བྱུང་གོད་ཆག་གི་ཉིན་མོ་ཞེས་པར་སྲུང་བརྩི་དང་། ཧིན་སྒོར་ཀཱ་རའོ་ ༢༠༠༠ གི་ཉེན་སྐྱོབ་རོགས་དངུལ་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
ཨོ་རི་ས་ནང་ད་བར་མི་ ༣ རྐྱེན་ལམ་དང་། གྷ་ཇཱ་པཱ་ཌི་ (Gajapati) དང་གྷན་ཇམ་ (Ganjam) གཙོས་རྗོང་ ༡༠ ཡི་ཡུལ་མི་འབུམ་ ༡ ལྷག་ལ་གནོད་འཚེ་ཕོག་ཡོད་པ་མ་ཟད། ཡུལ་མི་ ༢༣༣༠༠༠ ཙམ་ས་ཆ་གཞན་ནང་ཉེན་ཡོལ་དང་། མེ་འཁོར་ ༥༠ ཙམ་ཕར་ཚུར་འགྲོ་འོང་བྱེད་མི་ཆོག་པ་བཟོ་དགོས་བྱུང་བ་སོགས་མངའ་སྡེ་གཉིས་ཀྱི་ ཡུལ་མི་འབུམ་ ༤ ལྷག་ལ་གནོད་འཚེ་དེ་ཕོག་ཡོད་འདུག
རྒྱ་གར་རྒྱལ་ཡོངས་རང་བྱུང་གོད་ཆག་ལྟག་རྟོག་སྡེ་ཚན་གྱི་དམིགས་བསལ་འགན་འཛིན་ཧེ་མ་ཝ་ཐི་ (K Hymavathi) ཡིས་རོའུ་ཌར་གསར་ཁང་ཐོག་བརྗོད་དོན། “མཚོ་རླུང་འདིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཤིང་སྡོང་རྩ་འགོག་བཏང་བ་དང་། མི་ཟོག་གི་ཚེ་སྲོག་འཕྲོག་པ། གློག་ལམ་ཆད་པ་སོགས་གནོད་འཚེ་བཟོས་ཡོད་སྟབས། ད་ལྟ་མང་ཚོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་འདུག”ཅེས་བརྗོད་འདུག
རྒྱ་གར་གནམ་གཤིས་ལས་ཁུངས་གི་འགན་འཛིན་ཡཱ་དྷེབ་ (BP Yadav) ཀྱིས་རོའུ་ཌར་གསར་ཁང་ཐོག་བརྗོད་དོན། “ཤུགས་ཚད་ལ་ (195 km/h) ལྷག་ཡོད་པའི་མཚོ་རླུང་འདི། ཨན་དྷ་ར་དང་ཨོ་རི་ས་མངའ་སྡེའི་མཚོ་ཁུལ་ཁག་ཅིག་ལ་བརྒྱབ་རྗེས། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་ཆཱ་དྷི་སེ་གྷར་དང་མཱ་དྷེ་ཡ་པར་དྷི་ཤི མ་ཧཱ་ར་ཤི་ཌ་སོགས་སུ་ཁ་ཕྱོགས་བསྒྱུར་རྒྱུ་ཡིན་པ་དང་། མཚོ་རླུང་འདིའི་རྐྱེན་པས་རྒྱ་གར་ནུབ་བྱང་ཁུལ་གྱི་མངའ་སྡེ་ཁག་ཅིག་ནང་ཆར་ཤུགས་ཆེན་པོ་འབབ་རྒྱུ་དང་། དེ་མིན་ཧི་མ་ལ་ཡའི་རི་བརྒྱུད་དུ་གངས་འབབ་རྒྱུ་ཡིན་སྟབས། ང་ཚོས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་བལྟས་ཏེ་རང་བྱུང་གནོད་འཚེར་དོ་དམ་བྱེད་བཞིན་ཡོད།”ཅེས་བརྗོད་འདུག
༢༠༡༣ ལོའི་ཟླ་ ༡༠ ནང་ཨོ་རི་ས་མངའ་སྡེའི་མཚོ་ཁུལ་དུ་མཚོ་རླུང་ཧྥེ་ལིན་ ( Phailin) ཞེས་པ་ཞིག་ལྡང་སྟེ། ཡུལ་མི་ ༨༠༠༠༠༠ ལྷག་ས་ཆ་གཞན་དུ་གནས་སྤོ་བྱེད་དགོས་བྱུང་བ་དང་། ལོ་ ༡༥ གོང་མཚོ་ཁུལ་དེ་རང་ལ་མཚོ་རླུང་ལྡང་ནས་མི་ ༡༠༠༠༠ ལྷག་རྐྱེན་ལམ་ཕྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་སྟབས། ཁ་སང་རྒྱ་གར་སྲིད་བློན་མཆོག་དང་ནང་སྲིད་བློན་ཆེན་ར་ཇི་ནཱ་སིང་མཆོག་གིས་གནོད་འཚེ་ཕོག་ཡུལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་ལ་ཁ་པར་བཏང་ཡོད་པ་མ་ཟད། ཆེད་མཁས་མི་སྣ་ཆེད་གཏོང་དང་། གནོད་འཚེ་ཕོག་མཁན་ཚོར་རོགས་དངུལ་སྤྲོད་རྒྱུ་དང་། གནོད་ཐེབས་ས་ཁུལ་ཁག་ཏུ་མཁའ་དམག་དང་ས་དམག་བཏང་སྟེ་ཉེན་སྐྱོབ་བྱེད་བཞིན་ཡོད་ཅིང་། སང་ཉིན་རྒྱ་གར་སྲིད་བློན་མཆོག་ཨན་དྷ་ར་མངའ་སྡེའི་གནོད་ཐེབས་ས་ཁུལ་ཝུ་ཤི་ཁཱ་པཱ་ནམ་ནང་བསྐྱོད་དེ་རྟོག་ཞིབ་གནང་འཆར་ཡོད་འདུག
བོད་ཀྱི་དུས་བབ་ལས་དྲངས།
ཐེངས་ 42270 བཀླགས་འདུག