Donate

རྒྱ་གར་ནང་ཐན་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ།

རྒྱ་གར་གྱི་ས་ཁུལ་མང་དག་ཅིག་ལ་དབྱར་ཁའི་ཚ་དྲོད་ཨངས་གྲངས་ ༤༠ བརྒལ་བཞིན་པའི་སྐབས། ཆུ་དཀོན་པའི་དབང་གིས་ཡུལ་མི་ས་ཡ་༣༣༠ ལས་ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

water1_2016ཟླ་འདིའི་ཚེས་༢༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་གྱི་ཞིང་ཁ་དང་འཐུང་ཆུ་སོགས་ཆར་དུས་ཀྱི་ཆར་ཆུ་ལ་ཤུགས་ཆེན་བརྟེན་གྱི་ཡོད་པས། ལོ་གཉིས་ཙམ་གྱི་རིང་ཆར་པ་ཡག་པོ་བབ་མེད་པས། ཉེ་བའི་ཆར་ནས་རྒྱ་གར་གྱི་ཞིང་ཁ་མང་པོ་ཞིག་ལ་ཐན་པ་བྱུང་ཡོད་ཁར། མངའ་སྡེ་མང་པོ་ཞིག་ནང་འཐུང་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨོ་རི་སར་སློབ་གྲྭ་རྣམས་སྒོ་བརྒྱབ་ཡོད་པ་དང། རྒྱ་གར་གྱི་ས་ཁུལ་ཁག་ནས་ཚ་གདུག་གི་རྐྱེན་པས་ལོ་འདིར་མི་༡༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག་པ་དང།  ལོ་སྔོན་མར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཨན་ཌ་ར་དང་། ཊེ་ལ་གྷ་ན་གཉིས་ལས་མི་༡༠༠༠ ལས་མང་བ་ཚ་གདུག་གི་རྐྱེན་པས་ཚེ་སྲོག་ཤོར་ཡོད་འདུག

རྒྱ་གར་གཞུང་ནས་ས་གནས་ཁག་ཁ་ཤས་སུ་རྐྱལ་རྫིང་ལ་ཆུ་མཁོ་སྤྲོད་བྱེད་མི་ཆོག་པའི་བཀའ་བཏང་ཡོད་པ་དང། ས་གནས་ཀྱི་གནས་སྟངས་ཛ་དྲག་པ་ཁག་ལ་མེ་འཁོར་བརྒྱུད་ཆུ་འབོར་ཆེན་འོར་འདྲེན་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་ཆུ་མཛོད་ཆེན་པོ་༩༡ ཡོད་པ་དག་ཀྱང་ལོ་བཅུ་གཉིས་ནང་བྱུང་མ་མྱོང་བའི་ཆུ་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་གར་ཙམ་མ་ཡིན་པར་ཨེ་ཤི་ཡའི་ལྷོ་ཤར་རྒྱལ་ཁབ་ཐེ་ལན་ཊི་དང་ཀམ་བྷོ་ཌི་ཡ། ཝེ་ཏི་ནམ། ལ་ཨོ་སི་སོགས་ལ་རྒྱ་གཞུང་གིས་རྫ་ཆུ་ལ་ཆུ་རགས་མང་པོ་བརྒྱབ་རྐྱེན། རྒྱུག་ཆུ་ཆུང་དུ་ཕྱིན་ནས་ཐན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག

བོད་ཀྱི་བང་ཆེན་ལས་དྲངས།

ཐེངས་ 42310 བཀླགས་འདུག