ཡུལ་ཤུལ་དུ་གཏེར་ཁ་སྔོག་འདོན་དང་ས་བདག་འཛིན་བཟུང་།
མཚོ་སྔོན་ཡུལ་ཤུལ་རྫ་དམར་ཁྲ་ཁོག་ཏུ་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ས་བདག་གིས་བཀག་འགོག་བྱས་པ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཉེས་ཆད་རྒྱ་སྒོར་ཁྲི་གཉིས་བཏང་འདུགབོད་ནས་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་སྡོམ་མདའ་ཤང་རྫ་དམར་རུ་ཁག་བདུན་པའི་ཁྲ་ཁོག་ཞེས་པའི་ས་གནས་སུ་རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས་ད་ལོའི་ཕྱི་ཟླ་ ༡ པ་ཙམ་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་དང་། གཏེར་ཁ་བསྔོག་འདོན་བྱེད་མཁན་ཀྱི་ལས་མིའི་ནང་དུ་དེ་སྔོན་གཞུང་ལམ་གསར་བཟོའི་སྐབས་ས་གནས་དེར་སྡོད་མྱོང་བའི་རྒྱ་མི་བཞི་ཡོད་འདུག
གཏེར་ཁ་དངོས་སུ་སྔོག་འདོན་བྱེད་སའི་ས་ཆ་དེ་རྫ་དམར་རུ་ཁག་བདུན་པའི་ཉི་མ་ཚེ་རིང་ཟེར་བ་ཞིག་གིས་དབྱར་ས་ཡིན་པ་དང་། ཉི་མ་ཚེ་རིང་ ༢༠༠༧ ལོ་ནས་ས་གནས་དེར་རུ་སྤོ་བྱས་ནས་སྡོམ་མདའ་ཤང་ཐོག་དུ་བསྡད་ཡོད་འདུག ཁོང་གི་ས་གནས་དེར་གཏེར་ཁ་བསྔོག་འདོན་བྱེད་པའི་སྐབས་སུ་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་ཐེངས་མང་བྱས་ཀྱང་བརྡ་ལན་གང་ཡང་སྤྲད་མེད་སྟབས། ཉི་མ་ཚེ་རིང་འུ་ཐུག་སྟེ་གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་དེར་སོང་ནས་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོ་དང་འཁྲུག་འཛིང་བྱས་ཡོད་འདུག
དེ་མ་ཐག་རྫོང་དང་ཤང་གི་ཉེན་རྟོག་པ་བཏང་ནས་ཉི་མ་ཚེ་རིང་འཛིན་བཟུང་བྱས་ཏེ་ཁྲི་འདུ་རྫོང་ཐོག་ལ་ཁྲིད་ནས་ཉིན་བཞི་ལ་བཀག་ཉར་འདྲི་རྩད་བྱས་རྗེས་གནད་དོན་དེར་དྲང་བདེན་གྱི་ཐག་གཅོད་བྱ་རྒྱུ་ལས་ལྡོག་ཏེ་ཉི་མ་ཚེ་རིང་ལ་འཁྲུག་འཛིང་བྱས་བའི་ཉེས་མིང་འོག་རྒྱ་སྒོར་ཁྲི་ ༢ ཡི་ཉེས་ཆད་བཏང་ནས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག
གོང་གསལ་གཏེར་ཁ་སྔོག་འདོན་བྱེད་སའི་ས་ཆ་དེ་ནི་ཟི་ལིང་ནས་ཡུལ་ཤུལ་དུ་འགྲོ་སའི་གཞུང་ལམ་དང་བར་ཐག་ཉེ་བོ་ཡིན་པ་དང་ ༢༠༡༡ ལོར་ལམ་ཆེན་གསར་བཟོ་བྱེད་པའི་སྐབས་སུ་ས་གནས་དེར་ལམ་བཟོ་རྒྱ་མི་ཁ་ཤས་རྒྱུན་རིང་པོ་བསྡད་ནས་གཞུང་ལམ་བཟོས་ཡོད་པ་དང་རྗེས་སུ་ ༢༠༡༣ ལོའི་ཟླ་ ༦ ཡས་མས་ནས་གཞུང་ལམ་གསར་བཟོ་འཇུག་སྒྲིལ་ཡོད་འདུག
གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།
ཐེངས་ 42407 བཀླགས་འདུག