ཡང་བོད་ནང་ས་ཡོམ་བརྒྱབ་འདུག
དེ་རིང་སྔ་དྲོར་གཞིས་ཀ་རྩེ་ས་ཁུལ་གཏིང་སྐྱེས་རྫོང་དང་དིང་རི་རྫོང་དུ་ཚད་རིམ་ ༥.༣ ཅན་གྱི་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་འདུག
དེ་རིང་བོད་ནང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་གཞིས་ཀ་རྩེ་གཏིང་སྐྱེས་རྫོང་དང་དིང་རི་རྫོང་དུ་ཤུགས་ཚད་ཅུང་ཆེ་བའི་ས་ཡོམ་ཐེངས་ལྔ་བརྒྱབ་ཡོད་པ་དང་། ས་ཡོམ་ཚད་རིམ་ ༥.༣ ཅན་ཐེངས་གཉིས་ལ་བརྒྱབ་ཡོད་འདུག ད་ལྟའི་ཆར་མི་རྒྱུ་ལ་གནོད་སྐྱོན་བྱུང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་ཆབ་མདོ་སྟེང་ཆེན་རྫོང་དུ་ཚད་རིམ་ ༥.༥ ཅན་གྱི་ས་ཡོམ་བརྒྱབ་ཏེ། མི་ ༢ རྐྱེན་འདས་དང་གཞན་མི་ ༦༠ ལ་རྨས་སྐྱོན་ཕོག་པ། སྡོད་ཁང་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།
རྒྱ་ནག་ས་ཡོམ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ནང་ཆབ་མདོ་དང་ཡུན་ནན། ནག་ཆུ། རྔ་བ་ཁུལ། དཀར་མཛེས་ཁུལ་སོགས་བོད་ནང་དུ་ཚད་རིམ་ ༣ ནས་ ༥ ལྷག་ཅན་གྱི་ས་ཡོམ་ཐེངས་ ༢༠ ཙམ་བརྒྱབ་ཡོད་འདུག
གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།
ཐེངས་ 42287 བཀླགས་འདུག