Donate

འབྲོང་ངམ་གཡག་རྒོད་སྐོར།

འབྲོང་ངམ་གཡག་རྒོད་ཅེས་པ་འདི་ནི་བོད་ཀྱི་ས་ཁུལ་ཁོ་ན་ལས། འཛམ་གླིང་གི་ཡུལ་གྲུ་གཞན་གང་དུའང་མེད་པའི་དམིགས་བསལ་ཅན་གྱི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ཞིང༌།  འབྲོང་ནི་འོ་འཐུང་དང༌། རྨིག་པ་ཁ་དབྲག་ཅན། རྩྭ་གཟན་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཤིང༌། རྩྭ་ཟ་ཆུ་འཐུང་གཅིག་པུ་ལ་རོལ་བཞིན་ས་མཐོའི་སྲོག་ཆགས་ཁྱད་པར་བ་ཞིག་ཡིན།

འབྲོང་ངམ་གཡག་རྒོད།སྤྱིར་འབྲོང་ནི་ཆེས་གཟུགས་སྟོབས་ཆེ་ཞིང་གཤིས་རྒྱུད་ངར་བ། སྤྲོ་ཐུང་བ་སོགས་གཅན་གཟན་གྱི་འཇིགས་པ་ལས་གྲོལ་ཐུབ་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་“འབྲོང་ནི་དུད་འགྲོའི་རྒྱལ་པོ་དང༌། རྭ་ཅན་གྱི་རྒྱུ་མཆོག རི་དྭགས་ཀྱི་རྒྱལ་པོ་ཡིན་ཏེ། དེ་ནི་སྲོག་ཆགས་གཞན་ལས་གཟུགས་སྟོབས་ཆེ་ཞིང་དཔའ་ངར་རྒོད་ཆེ་བས་གཅན་གཟན་སྤྱང་དྲེད་གསའ་བཅས་ཀྱིས་ཀྱང་ཚུགས་པར་དཀའ་བས་གང་ལའང་མི་འཇིགས་པའི་སྙིང་སྟོབས་ལྡན་པ་”ཞེས་བཤད་འདུག

སྲོག་ཆགས་འདིས་རྒྱང་རིང་པོ་དེ་ཙམ་མཐོང་ཐུབ་ཀྱི་མེད་ཀྱང༌། རྣ་བ་གསང་ལ་ཆེས་རྫི་རྣོ་པོ་ཡོད་ལ། ཕལ་ཆེ་བ་ཉིན་མོར་ཉལ་ཞིང་མཚན་མོར་རྩྭ་ཆུ་ལ་ལོངས་སུ་སྤྱད། ལྷག་པར་རྒྱུན་རིང་རྩྭ་ཟ་ཆུ་འཐུང་མི་བྱེད་པར་གོམས་གཤིས་དང་ཆེས་བཟོད་སྲན་ཆེན་པོ་ཡོད་སྐད་གྲགས། འབྲོང་ཕོའི་རྭ་ཅོ་རིང་ལ་སྦོམ་ཞིང་རིང་ཚད་ལ་སན་ཊི་མི་ཊར་ ༤༢ ལྷག་ཙམ་དང༌། སྦོམ་ཚད་ལ་སན་ཊི་མི་ཊར་ ༣༥ ལྷག་དང༌། མོའི་རྭ་ཐུང་ལ་ཕྲ་ཞིང་རིང་ཚད་ལ་སན་ཊི་མི་ཊར་ ༣༢ ལྷག་དང༌། སྦོམ་ཚད་ལ་སན་ཊི་མི་ཊར་ ༡༩ ལྷག་ཙམ་ཡོད། ཕོའི་གཟུགས་པོ་རིང་ཚད་ལ་ཕི་ཊི་ ༡༡་༧ ནས་ ༡༢་༥ ཙམ་དང༌། མཐོ་ཚད་ལ་ཕི་ཊི་ ༥་༥ ནས་ ༦་༦ བར་ཡིན། འབྲོང་ཕོ་མོ་གཉིས་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་ ༣༠༠ ནས་ ༡༠༠༠ བར་ཡོད་པས་ཆེས་སྟོབས་རྩལ་ལྡན་པའི་སྲོག་ཆགས་ཤིག་ཡིན།

མོའི་རིང་ཚད་ལ་ཕི་ཊི་ ༡༠ ཙམ་དང༌། མཐོ་ཚད་ལ་ཕི་ཊི་ ༤་༥ ནས་ ༥་༡ ཙམ་ཡོད། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་འབྲོང་གི་སྤུ་མདོག་ནི་དབྱར་དུས་སྨུག་ནག་དང༌། དགུན་དུས་སུ་སྨུག་སྐྱ་ཡོང་གི་ཡོད་པ་བཤད་འདུག་ཅིང༌། སྤུ་མདོག་རོག་པོ་བྲེ་བོ་སོགས་ཅི་ཡང་ཡོང་གི་ཡོད། འབྲོང་གི་རྩིད་པ་དང་ཁུ་ལུ་ཆེས་མང་ཞིང་རྩིད་པ་སྤུ་སྣེ་རིང༌། རྔ་མ་ནི་སྤྱིའི་འབྲི་གཡག་གི་རྔ་མ་དང་འདྲ་ཞིང་ལུས་ཀྱི་ཆེ་ཆུང་ལ་གཞིགས་པའི་འབྲི་གཡག་རྔ་མ་ལས་སྦོམ། འབྲོང་གི་ཁྱབ་ཡུལ་ནི་གཉན་ཆེན་ཐང་ལྷ་དང༌། ཁུ་ནུ་རི་བོ་སོགས་རྫ་རི་དང༌། གངས་རི། སྤང་ལྗོངས། བྱང་ཐང་སོགས་སུ་མཐོ་ཚད་ལ་མི་ཊར་ ༣༥༠༠ ནས་ ༥༤༠༠ བར་ཁྱུ་བྱས་ནས་སྡོད་པ་དང༌། མཚམས་རེ་གཅིག་པུ་བྱས་ཏེ་གནས་སྡོད་བྱེད་ཅིང༌། མོ་ཕལ་ཆེ་བ་མཉམ་དུ་ཁྱུ་བྱས་ནས་སྡོད་ཀྱི་ཡོད་པ་དང༌། མཚམས་རེ་འབྲོང་བརྒྱ་གཉིས་བརྒྱ་ཡང་མཉམ་སྡོད་བྱེད་པ་ཡོང་གི་ཡོད།

འབྲོང་ངམ་གཡག་རྒོད་ནི་འབྲི་གཡག་དང་རིགས་རྒྱུད་གཅིག་པ་ཡིན་པ་བཤད་ལ། འཚོ་བའི་གོམས་གཤིས་སོགས་འདྲ་བའི་ཆ་མང་པོ་ཡོད། ཡིན་ནའང་གཟུགས་གཞི་འབྲི་གཡག་ལས་ཆེས་ཆེ། མཚམས་རེ་འབྲོང་གནས་ཡུལ་ས་ཆར་འབྲོང་དང་འབྲི་ཐུག་ནས་འབྲོང་ཚ་ཟེར་བའི་བེའུ་སྐྱེ་བ་ཡང་ཡོང་གི་ཡོད། འབྲོང་མོའི་གྲུས་རྩ་ལངས་པའི་དུས་ཚོད་ལོ་གསུམ་ཙམ་རྗེས་ནས་ཡིན་པ་དང༌། དེ་ཡང་ལོ་ལྟར་ཕྱི་ཟླ་བདུན་པ་ནས་དགུ་པ་བར་ཡིན། འབྲོང་གི་བེའུ་ནི་ཟླ་བ་བརྒྱད་དགུ་རྗེས་ནས་སྐྱེ་ཞིང༌། དེ་ཡང་ཕྱི་ཟླ་བཞི་པ་དང་དྲུག་པ་བར་ལ་སྐྱེ་ཡི་ཡོད། འབྲོང་གི་སྤྱིའི་ལོ་ཚད་ ༢༥ ཙམ་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་ལྟར་ན་འབྲོང་གི་གྲངས་འབོར་ཆིག་ཁྲི་བཞི་སྟོང་ནས་ལྔ་སྟོང་བར་ཡོད་འདུག ཕྱི་ལོ་ ༡༩༥༩ ལོར་འབྲོང་གི་གྲངས་འབོར་ཆེས་མང་པོ་ཡོད་པ་སྲོག་ཆགས་རིག་པ་བ་ཚོས་ངོས་འཛིན་བྱེད་ཀྱི་ཡོད། སྐབས་དེ་དུས་དངོས་སུ་གྲངས་ག་བརྒྱབ་ནས་ཞིབ་འཇུག་བྱེད་མཁན་མེད་ཀྱང་ད་ལྟ་ལས་ཆེས་མང་བ་ཡོད།

རྒྱ་ནག་གི་བོད་དབང་བསྒྱུར་བྱས་རྗེས་བོད་ཀྱི་རི་སྐྱེས་སྲོག་ཆགས་སྤྱིའི་གནས་སྟངས་ལ་ཉམས་རྒུད་ཆེན་པོ་ཕྱིན་ཡོད་པ་དང་འབྲོང་ཡང་དེ་དག་དང་གཅིག་མཚུངས་ཉམས་ཆག་ཕྱིན་ཡོད་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་གསལ་ལྟར་ན་འབྲོང་གི་ལུས་སྙིང་དང༌། སྙིང་ཁྲག རྭ་ཅོ། འབྲས་བུ། མཁྲིས་པ་སོགས་རྩ་ཆེན་སྨན་རིགས་བཅུ་ཕྲག་འགའ་ཤས་ཡོད་པ་བཤད་འདུག ལྷག་པར་དུ་ཀོ་བ་དང་ཤ་སོགས་ལ་དེང་སང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ཡོད་པས་ཁྲིམས་འགལ་རྔོན་རྒྱག་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད།

དཔེར་ན་བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར་ནང་གསལ་བ་ལྟར་ན། མཚོ་སྔོན་མཚོ་ནུབ་ཁུལ་དུ་ཕྱི་ལོ་ ༡༩༦༠ ནས་ ༡༩༧༡ ལོར་ཁུལ་དེར་ས་གནས་ཡོངས་ཀྱི་དམག་སྡེ་དང༌། སྲིད་གཞུང༌། ལས་བཟོ་བ་སུམ་བརྒྱ་ལྷག་གི་རྔོན་པ་རུ་ཁག་རྩ་འཛུགས་བྱས་ནས་འབྲོང་དྲུག་སྟོང་ལྷག་རྔོན་རྒྱག་བྱས་ཡོད་འདུག དེ་དང་འདྲ་བའི་འབྲོང་ཁྱབ་ཡུལ་ས་གནས་གཞན་ལ་དོན་རྐྱེན་དེ་རིགས་མང་པོ་ལྷག་གི་ཡོད་པ་བརྗོད་མི་དགོས། དེར་བརྟེན་འབྲོང་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་དང༌། ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་ཐོ་འགོད་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་ལ་རིམ་པ་གཉིས་པའི་སྲུང་སྐྱོབ་གྲས་སུ་བཞག་ཡོད་པ་དང༌། རྒྱ་གར་ལ་ཡང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་བཞག་ཡོད་པ་རེད།།

འབྲོང་གི་སྐོར་དཔྱད་གཞིའི་ཡིག་ཆ།
1 བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ། མི་རིགས་དཔེ་སྐྲུན་ཁང་༢༠༠༤P.378
2 བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་༢༠༠༤P.70-77
3 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་༢༠༠༤P.12-16
4 The Endangered Mammals Of Tibet (DIIR Publication 2005) P. 45-46
5 Microsoft Encarta Reference Library 2006

ཐེངས་ 421018 བཀླགས་འདུག