ཟི་ལིང་ནས་ལྷ་ས་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱིས་ཁོར་ཡུག་གཏོར་བཤིག
མིས་བྱས་པའི་རྒྱུ་རྐྱེན། མ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཆག་དང་འབྲེལ་བའི་མིའི་བྱ་སྤྱོད། གཏན་ཆགས་འཁྱགས་རིམ་ཉམས་སྐྱོན་འགོ་འཛུགས། ཟི་ལིང་ནས་ལྷ་ས་བར་གྱི་གཞུང་ལམ་འཛུགས་སྐྲུན། ཁོར་ཡུག་ཉམས་སྐྱོན་འགྲོ་མིན་གྱི་གཏིང་ཟབ་བསམ་གཞིགས་མ་བྱུང་བར་ཕྱི་ལོ་ ༡༩༥༤ ལོར་སྤྱི་ལེ་ ༥༣ ༠ ཙམ་གྱི་ཁྲོན་བོད་གཞུང་ལམ་ཟེར་བའི་ཟི་ལིང་ནས་ལྷ་ས་བར་གྱི་ལམ་ཆེན་འཛུགས་སྐྲུན་བྱས་ཡོད་པས།
གཞུང་ལམ་གྱི་ཉེ་ཁུལ་ཁོར་ཡུག་དང་ལམ་རྒྱུད་ཀྱི་གཏན་ཆགས་འཁྱགས་རིམ། དེའི་སྟེང་གི་རྩྭ་དང་རྩི་ཤིང་སོགས་ལ་ཉམས་རྒུད་ཚབས་ཆེན་འགྲོ་བའི་རྒྱུ་རྐྱེན་བྱས་ཡོད། རྩྭ་ཐང་གི་ཁེབ་གཡོག་ཉམས་རྒུད་དུ་ཕྱིན་པ་དེས་ས་འོག་གི་ནག་རྫས་དང་སྐྱེ་དངོས་ཀྱི་རིགས་རྣམས་ཉམས་བརླག་ཏུ་འགྲོ་བཞིན་ཡོད།
ས་ཞག་གི་འོག་རིམ་དུ་ཆགས་པའི་དྲོད་ལྡན་གཏན་ཆགས་འཁྱགས་རིམ་ཡང་བཞུར་སྟོངས་སུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད། གཏན་འཁྱགས་ས་གཞིའི་རིམ་པ་འདིས་རྩི་ཤིང་སོགས་སྐྱེ་འཚར་ཡོང་ཆེད་ས་ཞག་རིམ་པའི་ནང་བརླན་གཤེར་ཉར་ཚགས་ཀྱི་བྱ་བ་བསྒྲུབ་ཀྱི་ཡོད་ཅིང་། གལ་ཏེ་འདིར་ཉམས་རྒུད་ཀྱི་གནོད་སྐྱོན་བྱུང་ཚེ། ས་གཞིའི་བརླན་གཤེར་དང་ས་བཅུད་ཉམས་རྒུད་དུ་གྱུར་བའི་རྐྱེན་གྱིས། རྩྭ་ཐང་དང་རྩི་ཤིང་གི་རིགས་རྣམས་བསྐྱར་གསོ་ཡོང་རྒྱུ་ཤིན་ཏུ་དཀའ་བ་ཡིན།
གཞུང་ལམ་འཛུགས་སྐྲུན་གྱི་བྱ་བ་འདིས་ས་འོག་གི་གཏན་ཆགས་འཁྱགས་རིམ་གི་ཚ་དྲོད་འཕར་བ་དང་བཞུར་སྟོངས་སུ་འགྲོ་འགོ་འཛུགས་རྒྱུའི་ཐོག་མའི་རྒྱུ་རྐྱེན་བྱས་ཡོད། དེ་བཞིན་གཞུང་ལམ་ཉེ་འགྲམ་གྱི་ཁོར་ཡུག་དང་རྩྭ་ཐང་གི་ཉམས་ཉེས་དེས་ས་ཁུལ་དེ་དག་ཏུ་ཚ་དྲོད་འཕར་བ་དང་གཏན་ཆགས་འཁྱགས་རིམ་བཞུར་བའི་རྒྱུ་རྐྱེན་བྱས་ཡོད།
ཕྱི་ལོ་ ༡༩༩༠ ལོར་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པར་གཞིགས་ན། ཁྲོན་བོད་གཞུང་ལམ་གྱི་ཉེ་འཁོར་གཏན་ཆགས་འཁྱགས་རིམ་ལ་སོབ་ཞུགས་པའི་གནས་སྟངས་དེས་གཞུང་ལམ་ལ་གནོད་སྐྱོན་བྱུང་བའི་བརྒྱ་ཆ་ ༨༣ ཟིན་ཡོད་པ་ཤེས་འདུག
ཟི་ལིང་ནས་ལྷ་ས་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་འཕྲལ་ཕུགས་གཉིས་ཀའི་ཐད་ནས་ཁོར་ཡུག་ཉམས་རྒུད་ཀྱི་རྗེས་འབྲས་ཤུགས་ཆེ་ལྡན་པའི་གཏན་ཆགས་འཁྱགས་རིམ་ཉམས་བརླག་གི་གནོད་སྐྱོན་ཚབས་ཆེ་ཤོས་ཤིག་ནི། ཕྱི་ལོ་ ༡༩༧༣ ནས་ ༡༩༨༤ བར་གྱི་གཞུང་ལམ་རྒྱ་བསྐྱེད་དང་བསྐྱར་བཟོ་བྱེད་པའི་དུས་སྐབས་སུ་བྱུང་ཡོད། དཔེར་ན། རྨ་ཆུ་དང་འབྲི་ཆུའི་ཆུ་མགོའི་ས་ཁུལ་གྱི་ཧཧྭ་ཧྲི་ཞའིི་གཏན་ཆགས་འཁྱགས་རིམ་ལྟེ་གནས་སུ་གཞུང་ལམ་ཨང་ ༢༡༤ པ་བསྐྱར་གསོ་བྱེད་པའི་སྐབས་རི་གཟར་ཆུ་ཕྲན་འགོག་ཐབས་སུ་ཕྱི་ལོ་ ༡༩༨༨ ལོར་སྤྱི་ལེ་གཅིག་གི་རིང་ཚད་ཅན་གྱི་ཡུར་བ་ཞིག་བྲུས་ཡོད། དེ་ལྟར་ཡུར་བ་དེ་བྲུས་པ་ལ་བརྟེན་ནས་གཞུང་ལམ་ཉེ་བརྒྱུད་ཀྱི་འཁྱགས་པས་ཕྱུག་པའི་གཏན་ཆགས་འཁྱགས་རིམ་ཁག་ལ་སོབ་ཞུགས་པའི་རྒྱུ་རྐྱེན་བྱས་ཡོད་པ་དང་། ཉམས་རྒུད་དེས་རིམ་བཞིན་ས་འོག་ཏུ་དྲོད་ཞུགས་པའི་རྐྱེན་བྱས་ཡོད། ཡུར་བ་དེའི་ཟབ་ཚད་ལ་སེན་ཊི་མི་ཊར་ ༥༠
ནས་ ༣༥ ༠ བར་དང་ཁ་ཞེང་ལ་སེན་ཊི་མི་ཊར་ ༢༠༠ ནས་ ༥༠༠ བར་རྒྱ་བསྐྱེད་བྱས་ཡོད། ཕྱི་ལོ་ ༡༩༩༥ ལོའ་ིཝང་དང་ཕིི་རེན་ཅ་(French) གཉིས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། གཏན་ཆགས་འཁྱགས་རིམ་ས་གཞིར་འགྱུར་ལྡོག་གིས་རྒྱུ་རྐྱེན་བྱས་པའི་གནོད་སྐྱོན་གྱིས་ལོ་ལྟར་ཟི་ལིང་ནས་ལྷ་ས་བར་གཞུང་ལམ་གྱི་བརྒྱ་ཆ་ཧ་ལམ་ ༣༠ ཙམ་ཞིག་བསྐྱར་བཟོ་བྱ་དགོས་ཀྱི་ཡོད་འདུག ཟི་ལིང་ནས་ལྷ་ས་བར་གཞུང་ལམ་ཉེ་བརྒྱུད་ཀྱི་ད་ལྟའི་གཏན་ཆགས་འཁྱགས་རིམ་ས་གཞི་ཉམས་རྒུད་ཀྱི་གནས་སྟངས་དེ། གཙོ་བོ་འདས་པའི་ལོ་བཅུ་ཕྲག་མང་པོའ་ིརིང་ལ་ས་གཞིའི་ཕྱི་ངོས་ལ་གནོད་སྐྱོན་བཟོས་པའི་དབང་གིས་བྱུང་ཞིང་། དེ་དང་དུས་མཚུངས་གོ་ལའི་ཚ་དྲོད་ཉམས་རྒུད་ཀྱི་ཚད་གཞི་མགྱོགས་སུ་གཏོང་བའི་ཞར་བྱུང་གི་རྒྱུ་རྐྱེན་བྱས་ཡོད།
དེ་དང་མཚུངས་པར་ཕྱི་ལོ་ ༢༠༠༠ དང་ ༢༠༠༨ ལོའ་ིཅིན་དང་ཁོང་གི་ལས་རོགས་ཚོས་ཁྲོན་བོད་གཞུང་ལམ་ཉེ་བརྒྱུད་ཀྱི་ཉམས་ཞིབ་ནང་། སྣུམ་ནག་གཞུང་ལམ་གྱི་ཕྱི་ངོས་བཀབ་པའི་ས་འོག་ཏུ་གཏན་ཆགས་འཁྱགས་རིམ་ནུས་ལྡན་ས་རིམ་གྱི་གཏིང་ཚད་ཧ་ཅང་ཟབ་པ་དང་། ལོ་རེའི་ས་གཞིའི་སྤྱི་སྙོམ་ཚ་དྲོད་མཐོ་བ་ཡོད་པ་ཤེས་འདུག ཚིག་གཞན་གྱིས་བཤད་ན། གཞུང་ལམ་འཛུགས་སྐྲུན་དང་བསྐྱར་བཅོས་ཀྱི་ལས་གཞིས་གཏན་ཆགས་འཁྱགས་རིམ་ཉམས་རྒུད་ཀྱི་ཚད་གཞི་དེ་རྒྱུན་ལྡན་གྱི་གནས་སྟངས་ལ་བལྟོས་ན་ཧ་ཅང་གི་མྱུར་དུ་བཏང་ཡོད། དཔེར་ན། ཁུ་ནུ་རི་རྒྱུད་ཀྱི་སྣུམ་ནག་གཞུང་ལམ་གྱི་ས་འོག་ཏུ་ཆགས་པའི་གཏན་ཆགས་འཁྱགས་རིམ་གྱི་རིམ་པ་དེ་མི་ཊར་༥.༢ མན་དུ་ཆགས་ཀྱང་། རྒྱུན་ལྡན་ལྟར་བྱས་ན་མི་ཊར་ ༢.༨ འོག་ཏུ་གཏན་ཆགས་འཁྱགས་རིམ་ཡོང་བ་ཡིན། དེ་བཞིན་ལོ་རེའི་སྤྱི་སྙོམ་ས་དྲོད་ཀྱི་ཆ་ནས་བཤད་ན། སྣུམ་ནག་གཞུང་ལམ་འོག་ཏུ་ཚ་དྲོད་སེལ་ཤས་ ༡.༠ ནས་༠.༢ བར་ཡིན་ཅིང་རྒྱུན་ལྡན་གནས་སྟངས་འོག་དྲོད་ཚད་སེལ་ཤས་ ༢.༥ནས་ ༣.༥ བར་ཡིན་པ་རེད།
མཱ་ཝི་ (MaWei) དང་ཁོང་གི་ལས་རོགས་ཚོས་ཕྱི་ལོ་༢༠༠༦ལོར་བཏོན་པའི་ཉམས་ཞིབ་ཅིག་གི་ནང་། ཧྥེང་ཧུའོ་ཧྲན་(Fenghuaoshan)
གངས་རིའི་རྒྱུད་དུ་ཁ་ཞེང་མི་ཊར་ ༧༣ དང་དཀྱུས་སུ་མི་ཊར་ ༡༠༣ ཡོད་པའི་གཞུ་དབྱིབས་ལྟ་བུའི་འཁྱགས་སར་སོབ་ཞུགས་ནས་བརྡིབས་པའི་ས་གནས་ཤིག་རྙེད་འདུག འོན་ཀྱང་ཁྲོན་བོད་གཞུང་ལམ་བསྐྱར་བཟོའི་ལས་དོན་གྱིས་རྒྱུ་རྐྱེན་བྱས་ཏེ། ཕྱི་ལོ་ ༢༠༠༣ ལོར་འཁྱགས་རོམ་སྟོང་ཟད་ཕྱིན་པའི་ཁྱོན་འབོར་དེ་མི་ཊར་ཤོ་གཟུགས་མ་ ༡༠,༠༠༠ ལ་བསླེབས་ཡོད། ཁོང་ཚོའི་ཞིབ་འཇུག་གིས་སྤྱིར་བཏང་ཡིན་ན་འཁྱགས་རོམ་ཡོད་སར་སོབ་ཞུགས་ནས་བརྡིབས་པའི་འགྱུར་ལྡོག་དེ་ལོ་ངོ་གསུམ་ནས་ལྔ་བར་ཡིན་མོད། འོན་ཀྱང་གོང་གསལ་ས་གནས་སུ་བྱུང་བའི་འགྱུར་ལྡོག་དེ་ལོ་ངོ་བཅུ་ལྷག་རྒྱུན་མཐུད་དུ་གནས་ཡོད་པ་དང་། ད་དུང་འཁྱགས་པས་ཕྱུག་པའི་ས་འོག་གི་གཏན་ཆགས་འཁྱགས་རིམ་ཇི་ཡོད་རྩ་སྟོངས་སུ་མ་ཕྱིན་བར་མུ་མཐུད་མཚམས་ཆད་རྒྱུ་མིན་པའི་སྐོར་བཤད་འདུག ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42360 བཀླགས་འདུག