Donate

མཛོ་སྒང་དུ་གཏེར་ཁ་སྔོག་འདོན་ལས་འཆར་ལ་ངོ་རྒོལ་ཤུགས་ཆེ་བྱས་པ།

མཛོ་སྒང་དུ་གཏེར་ཁ་སྔོག་འདོན་ལས་འཆར་ལ་ངོ་རྒོལ་ཤུགས་ཆེ་བྱས་པ།

ཕྱི་ལོ་ ༢༠༡༤ ཟླ་༥ ཚེས་༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་བོད་མི་འཕགས་པ་རྒྱལ་མཚན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། རང་ལུས་ལ་གྲིས་བཙུགས་སྟེ་ཁང་སྟེང་མཆོང་ཏེ་འདས་གྲོངས་སོང་ཕྱིན་པ་དང་། དེ་རྗེས་བོད་མི་རིག་འཛིན་ཞུ་བ་ཞིག་གིས་ཀྱང་རང་ལུས་ལ་གྲི་བཙུགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།

དེ་ཡང་ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་༼འབོ་མི་༽ ཡུལ་ཚོ་རུ་རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ། ས་གནས་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་སྟབས། ཐོག་མར་ས་གནས་ཀྱི་བོད་མི་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་དང་། དེ་ནས་ཉིན་ཤས་རྗེས་རིམ་པར་གློད་བཀྲོལ་བཏང་ཡང་། གནས་ཚུལ་ཛ་དྲག་ཆགས་སྟབས། ཟླ་༥ ཚེས་༧ ཉིན་རང་ལོ་༣༩ ཡིན་པའི་འཕགས་པ་རྒྱལ་མཚན་གྱིས་རང་ལུས་ལ་གྲི་ཐེངས་གསུམ་བརྒྱབས་ནས་སྟོང་འབར་ཡུལ་ཚོའི་རྒྱ་གཞུང་གི་ཁང་པའི་ཐོག་ནས་མར་མཆོང་སྟེ་འདས་གྲོངས་སུ་ཡོད་འདུག

དེ་རྗེས་རིག་འཛིན་དང་ཡུལ་མི་འགས་ཁོང་གི་སྐུ་ཕུང་ནང་ལ་བསྐྱལ་ཡོད་པ་དང༌། ཉིན་དེའི་ཕྱི་དྲོ་ས་གནས་དེའི་ཛ་དྲག་གི་གནས་སྟངས་དང་འཕགས་པ་རྒྱལ་མཚན་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའོ་གནས་ཚུལ་བྱུང་བར་བརྟེན། རིན་འཛིན་གྱིས་ཀྱང་རང་ལུས་ལ་གྲིས་བརྒྱབ་སྟེ། ཁང་པའི་ཐོག་ནས་མཆོང་གྲབས་བྱེད་བཞིན་པའི་སྐབས། ཡུལ་མི་ཚོས་བཟུང་སྟེ། ཆབ་མདོའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག

Tsawa Zogang 2རིག་འཛིན་ལགས་ནི་ལོ་ན་ ༣༤ ཡས་མས་ཡིན་པ་དང༌། ཁོང་ལ་ཡང་ཟླ་བ་༥ ལ་སོན་པའི་ཕྲུ་གུ་ཞིག་ཡོད་པ་རེད། རིན་འཛིན་གྱིས་འཕགས་པ་རྒྱལ་མཚན་འདས་གྲོངས་སུ་ཕྱིན་པར་སེམས་ཀྱིས་མ་བཟོད་པ་དང་། གདུང་སེམས་མཉམ་བསྐྱེད་ཞུ་ཆེད་དང་། ཡུལ་མི་ཚོས་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ངོ་རྒོལ་ལ་རྒྱབ་སྐྱོར་སོགས་ཀྱི་ཆེད་དུ་ཡིན་འདུག

ད་ལྟའི་འཆར་ཁོང་གི་གནས་སྟངས་ཛ་དྲག་དང༌། རྒྱ་ནག་གཞུང་གི་ཉེན་རྟོག་པས་སྨན་ཁང་གི་མཐའ་བསྐོར་ནས་འདུག་ལ། ཁོང་གི་ནད་གཡོག་ལའང་སོ་ལྟ་བྱེད་བཞིན་ཡོད་པའི་དེའི་རྗེས་ཁོང་གི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་རེད།

ཛ་དྲག་གི་གནས་ཚུལ་རྣམས་གང་སར་མི་ཁྱབ་པའི་ཆེད་དུ་ཁུལ་དེར་ཡོད་པའི་རྒྱ་གཞུང་གིས་བོད་མི་ཚོར་དམ་དྲག་དང་དྲག་གནོན། འཇིགས་སྐུལ་དང་བསླུ་བྲིད་སོགས་བྱས་ཏེ། གཏེར་ཁ་སྔོག་འདོན་ལས་འཆར་བསྒྲུབ་ཐབས་བྱེད་བཞིན་ཡོད་སྐོར་འབྲེལ་ཡོད་འདུག

གཞུང་གི་ལས་བྱེད་པས་བོད་མི་ཚོར་ཁ་པར་གང་སར་བཏང་མི་བཅུགས་པ་དང་སྐད་འཕྲིན་སྔོག་བཤེར་གྱིས་བཀག་པ། ཡུལ་མི་ཚོའི་ཁ་པར་གྱི་ཨང་གྲངས་ཕབ་བཤུས་བསྡུ་ལེན་སོགས་བྱས་ནས་ཕན་ཚུལ་འབྲེལ་ལམ་བཀག་འགོག་བྱེད་བཞིན་ཡོད་འདུག

ཕྱི་ཟླ་༥ ཚེས་༩ དང་༡༠ ལ་སྟོང་འབར་གྲོང་ཚོར་བོད་མི་རྒན་གཞོན་བར་གསུམ་ནས་རྒྱ་གཞུང་ལ་ངོ་རྒོལ་མུ་མཐུད་བྱས་ཡོད་པ་དང་། ད་ལྟ་ཆར་ཁོ་ཚོའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་འདུག

ཐེངས་ 42503 བཀླགས་འདུག