Donate

མདོ་ལ་རིང་མོའི་ཁོར་ཡུག་གནད་དོན་ཐད་འགན་འཁྲི་རྩད་གཅོད་བྱས་པ།

 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡུལ་གལ་ཆེན་དང་། རྨ་ཆུ་འབབ་རྒྱུད་ཀྱི་ཆུ་འགོ་གལ་ཆེན།རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གཟིགས་སྐྱོང་ས་ཁོངས་བཅས་ཡིན་པ་དང་། རྒྱལ་ཁབ་ཀྱིས་ ༡༩༨༨ ལོར་ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད། དུས་ཡུན་རིང་པོའི་ནང་མདོ་ལ་རིང་མོའི་སྣོད་བཅུད་ཆ་ཤས་སུ་གཏོར་བཤིག་ཐེབས་པའི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད་པར་བརྟེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ནས་དུས་ཚོད་དམ་འཛིན་ངང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་ལྕག་སྐུལ་འོག་ཀན་སུའུ་ཞིང་ཆེན་གྱིས་ལས་དོན་ཁ་ཤས་སྤེལ་ཡོད་མོད། འོན་ཀྱང་གནས་ཚུལ་ལེགས་སུ་དེ་ཙམ་ཕྱིན་མེད། ༢༠༡༧ ལོའི་ཟླ་ ༢ པའི་ཚེས་ ༡༢ ཉིན་ནས་ཟླ་ ༣ པའི་ཚེས་ ༣ ཉིན་བར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་ཀྲུང་དབྱང་ལྟ་ཞིབ་ཚོགས་ཆུང་གིས་དེའི་ཐད་ཆེད་དོན་ལྟ་ཞིབ་བྱས་པ་རེད།

༢༠༡༥ ལོའི་ ཟ་ ༥ པར་གཏོར་བརླག་ཐེབས་པའི་སྔོ་ཁེབས།

ཉེ་ཆར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་ཐོག་ལྟ་ཞིབ་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་ཕོག་པའི་དཔེ་མཚོན་གྱི་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ལ་ཐག་གཅོད་ནན་པོ་བྱས་པ་རེད།

༢༠༡༧ ལོའི་ཟླ་ ༡ པོའི་ནང་བཙོག་རླུང་ཕྱིར་འབུད་བྱེད་བཞིན་པའི་བཟོ་གྲྭ།

སྒྲིག་ཁྲིམས་ནན་ཏུ་གཏོང་ཆེད་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》 《སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱེད་ཐབས་(ཚོད་ལྟའི་ལག་བསྟར)》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། གནས་གཅིག་འགན་གཉིས། ཚེ་གང་འགན་འཁྲི་བདའ་འདེད་གཏོང་བ། དབང་ཆ་དང་ལས་འགན་གཅིག་མཚུངས་བཅས་ཀྱི་རྩ་དོན་གཞིར་བཟུང་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ཚན་པ་དང་འགན་འཁྲི་ཡོད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

གཅིག ཏང་ཀྲུང་དབྱང་ཕྱོགས་ལ་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་ངོས་ལེན་གཏིང་ཟབ་བྱེད་རྒྱུ་དང་། སྐབས་དེའི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་བསམ་ཞིབ་ནན་ཏན་དང་བསླབ་བྱ་ལེན་དགོས་པའི་འགན་དཀྲིས་པ་རེད།

གཉིས། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཧྲེང་ཀྲང་གཞོན་པ་དབྱང་ཙེ་ཤིན་གྱིས་མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་འགན་ཁག་བགོས་དོ་དམ་བྱེད་སྐབས་《ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག་》བཟོ་བཅོས་རྒྱག་རིང་འགག་སྒོ་ནན་པོ་སྲུང་ཐུབ་མེད་པའི་དབང་གིས་སྲོལ་ཡིག་གི་ནང་དོན་ཁ་ཤས་གོང་ཁྲིམས་ཀྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། ཁྲིམས་འགལ་དང་སྒྲིག་འགལ་ངང་གསར་སྤེལ་བྱས་པའི་རྣམ་གྲངས་ལ་ཞིབ་བཤེར་ཐག་གཅོད་དང་བཀག་འགོག་བྱེད་པར་ལྟ་ཞིབ་དང་བཅོས་སྒྲིག་བྱེད་ཤུགས་མི་འདང་བ། སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་དགོས་པ་བཅས་ལ་བརྟེན་ནས་དེར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།

བརྡ་ཁྱབ་ནང་ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ཐད་དཔེ་མཚོན་རང་བཞིན་ཡོད་པ་དང་བསླབ་བྱ་ཐེབས་ཤུགས་ཆེན་པོ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་དཔྱད་གཞིར་འཛིན་པ་དང་གཅིག་ཤེས་ཀུན་གྲོལ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ལས་ཀའི་མངོན་གསལ་དོད་པའི་གནས་བབ་ཐོག་མཐའ་གཅིག་ཏུ་བཞག་ནས་དམ་འཛིན་ཏན་ཏིག་དང་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་བསྟན་པ་རེད།

གཏོར་བརླག་ཚབས་ཆེན་ཐེབས་པའི་མདོ་ལ་རིང་མོ།

བརྡ་ཁྱབ་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་། དགོས་གཏུག་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ངོས་འཛིན་གཏིང་ཟབ་བྱེད་པ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་རང་རྟོགས་ངང་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བ་དང་ཐ་ན་གཏོར་བཤིག་གཏོང་བའི་འཕེལ་རྒྱས་དཔེ་དབྱིབས་མཐའ་གཅིག་ཏུ་དོར་བ། སྣོད་བཅུད་ཁོར་ཡུག་བློས་གཏོང་བར་བརྟེན་ནས་སྐབས་ཤིག་རིང་དང་ཡུལ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་མཐའ་གཅིག་ཏུ་དོར་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྩ་བ་དེ་གསར་གཏོད་ཐོག་བཞག་སྟེ་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་འཚོ་བའི་འཕར་གཞི་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་བྱ་གཞི། རང་རྒྱལ་གྱི་གཟུགས་བརྙན་བཟང་པོ་མཚོན་པའི་ཤུགས་རྒྱག་ས་བཅས་སུ་གྱུར་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

     ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་རུ་དེ་འདྲ་བཀོད་འདུག་ཅིང་། དེ་ལྟར་ཁོང་ཚོས་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་དུ་བཟུང་ནས་ལས་དོན་མང་པོ་བྱས་ཡོད་ཚུལ་འཆད་བཞིན་འདུག་མོད། འོན་ཀྱང་དེ་དག་གི་ཟུར་ནས་ང་ཚོས་མཐོང་ཐུབ་པ་ནི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་རྒྱ་གཞུང་ནས་བདག་གཅེས་ལེགས་པོ་ཞིག་ནམ་ཡང་བྱས་མེད་པར་མ་ཟད་གཏོར་སྐྱོན་ཚད་མེད་བཏང་ཡོད་པ་གསལ་པོར་འདུག་དེ། དཔེར་ན། ས་ཁུལ་དེ་ནི་རྒྱ་ནག་གི་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡུལ་གལ་ཆེན་དང་། རྨ་ཆུ་འབབ་རྒྱུད་ཀྱི་ཆུ་འགོ་གལ་ཆེན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གཟིགས་སྐྱོང་ས་ཁོངས་བཅས་ཡིན་པར་མ་ཟད་རྒྱལ་ཁབ་ཀྱིས་ ༡༩༨༨ ལོར་ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆར་འགོད་མཛུབ་སྟོན་ཐེངས་མང་གནང་མྱོང་བར་བཤད་པའི་ས་ཁུལ་དེ་ཡང་། “གཅིག་ནས་སྒྲིག་འགལ་ཁྲིམས་འགལ་ངང་གཏེར་ཐོན་ཐོན་ཁུངས་གསར་སྤེལ་བྱས་པའི་གནད་དོན་ཚབས་ཆེ་བ་དང་། གཉིས་ནས་ཆུ་གློག་སྒྲིག་བཀོད་ཁ་ཤས་ཁྲིམས་འགལ་ངང་འཛུགས་སྐྲུན་དང་སྒྲིག་འགལ་ངང་འཁོར་རྒྱུག་བྱས་པ། གསུམ་ནས་མཐའ་འཁོར་ཁེ་ལས་ཀྱིས་ལྐོག་ཏུ་བཙོག་འབུད་བྱེད་པའི་གནད་དོན་མངོན་གསལ་དོད་པ། བཞི་ནས་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་མི་འདང་བ་” བཅས་ཀྱིས་སྣོད་སྐྱོན་ཚབས་ཆེབ་བྱུང་སྟེ་ད་ལྟའི་མདོ་ལ་རིང་མོའི་རྣམ་པ་སྐྱ་ཐིང་ཐིང་དུ་གྱུར་ནས་ཡོད་པ་འདིས་གསལ་སྟོན་བྱས་འདུག་ཅིང་། རྒྱ་ནག་གཞུང་རང་གིས་སྒྲོག་བཞིན་པའི་ཆེས་མཐོའི་སྲུང་སྐྱོབ་ས་ཁུལ་འདི་ལ་ཡང་གཏོར་སྐྱོན་ཚབས་ཆེན་འདི་འདྲ་བྱུང་ཡོད་པ་མངོན་གསལ་ལགས་ན། ས་ཁུལ་གཞན་རྣམས་ཀྱི་གནས་སྟངས་གང་འདྲ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་དུ་སོང་འདུག་པས་མང་པོ་སྨྲ་མི་དགོས་པར་འགུག་གོ། །།

བརྒྱ་ཆའི་དགུ་ཅུ་ལྷག་བྱེ་ཐང་དུ་གྱུར་ཟིན་པའི་མདོ་ལ་རིང་མོ།

ཐེངས་ 42406 བཀླགས་འདུག