Donate

བོད་ཡུལ་དུ་སྔར་མཐོང་མྱོང་མེད་པའི་ཁྲུང་ཁྲུང་ཞིག་བྱུང་འདུག

༄༅།། འཛམ་གླིང་སྟེང་ཁྲུང་ཁྲུང་ལ་རིགས ༡༥ཡོད་ལ།  ཀྲུང་གོར་རིགས ༩ ཡོད། བོད་ཁམས་སུ་ད་བར་རིགས ༣ ལས་ཟིན་བྲིས་སུ་བཀོད་མྱོང་མེད། ཕྱི་ལོ་ ༢༠༡༧ ལོའི་ ཟླ་ ༣ ཚེས་ ༢༥ ཉིན། མགོ་ལོག་ཆིག་སྒྲིལ་རྫོང་། སོག་རུ་ཡུལ་ཚོའི་རྫ་ར་འགབ་མའི་མདའ་འབྲིང་བོའི་འགྲམ་དུ་ལ་ཏེན་རིག་མིང་ལ Grus Canadensis ཞེས་པའི་ཁྲུང་ཁྲུང་ཞིག་ཡོད་པ་གཉན་ཚོགས་ཀྱི་ཁྲུང་ཁྲུང་ཆེད་སྲུང་པ་བུ་མོ ༡༦ ཡོད་པ་ལས་སྣང་པོས་མཐོང་ཞིང་ཁ་པར་གྱིས་པར་ཞིག་བརྒྱབ་སྟེ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལ་སྤྲད། ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༦ ཉིན་གྱི་མཚན་མོར་མགོ་ལོག་ཀུན་དགའ་ཚངས་དབྱངས་ནས་གཉན་ཚོགས་ཀྱི་དྲ་ཚོམ་དུ་བཀོད་དེ་ཚང་མས་བགྲོ་གླེང་བྱས་ཀྱང་པར་རིས་མི་གསལ་བས་ཁྲུང་ཁྲུང་གི་རིགས་ཤིག་ཡིན་པ་ལས་གང་ཡིན་གཏན་འཁེལ་བྱེད་མ་ཐུབ།  ༢༠༡༧ ལོའི་ཟླ་༣ ཚེས་ ༢༧ ཉིན་ཚོགས་པས་ཆེད་དུ་ཀླུ་དབང་ཞེས་པ་ཞིག་བཀོད་བསྒྲིགས་བྱས་ཏེ་ཁོ་ཕྱིན་ནས་ཆུ་ཚོད་ ༤ ཙམ་ལ་པར་བླངས་ཀྱང་ཉིན་དེར་པར་ཡག་པོ་ཞིག་རྒྱག་མ་ཐུབ།  པར་དེ་མཚན་མོར་ཚོགས་པས་དཔྱད་གླེང་བྱས་པས་ཕལ་ཆེར་ཁྲུང་སྐྱ་ 灰鹤Grus grus ཡིན་པར་ཐག་བཅད།  ཁྲུང་སྐྱ་ནི་བོད་ཁམས་སུ་ཁྲུང་ཁྲུང་སྐེ་ནག་དང་།   ཁྲུང་ཁྲུང་ར་ལ།  ཁྲུང་སྐྱ་སྟེ་རིགས་གསུམ་ཡོད་པའི་གཅིག་རེད། ཕྱི་མ་གཉིས་དབྱར་ཁར་བོད་ཁམས་སུ་འོང་ཡང་བོད་ནས་སྐྱེ་འཕེལ་བྱེད་ཀྱིན་མེད།  འདི་ནི་གཉན་པོ་གཡུ་རྩེ་དང་མཚོ་སྔོན་པོ་སོགས་ནས་ཟིན་བྲིས་སུ་ཐེབས་མྱོང་བ་ཞིག་ཀྱང་རེད།

བོད་ནས་གསར་དུ་རྙེད་པ་ངང་སྐྱའི་རིགས་སུ་གཏོགས་པའི་ངང་པ།

༢༠༡༧ ལོའི་ཟླ་ ༣ ཚེས་ ༢༨ ཉིན་གྱི་ཞོགས་པར་ཚོགས་མི་དཔལ་ཁོ་དང་། ཀླུ་དབང་གཉིས་ཡང་བསྐྱར་ས་དེར་ཕྱིན་ནས་ལྟ་ཞིབ་དང་འདྲ་པར་བརྒྱབ་ཅིང་། དྲ་ཚོམ་དུ་བསྐུར་ནས་དཔྱད་གླེང་བྱས་ཀྱང་ཀ་གསལ་གང་ཡང་མ་བྱུང་། ཚེས་ ༢༩ ཉིན་ཀླུ་དབང་གིས་རྩིས་འཕྲུལ་ནས་པར་གསལ་པོ་བྱས་ཏེ་ཚོགས་པའི་དྲ་ཚོམ་དུ་བསྐུར་ཏེ་དཔྱད་གླེང་བྱས་པས། ཕྱི་དྲོ་ཆུ་ཚོད་ ༣ པའི་སྟེང་གཞི་ནས་ཟིན་ཐོ་གསར་བ་ཞིག་ཡིན་པ་ཤེས་སོང་། ཁྲུང་ཁྲུང་འདི་ནི་ལ་ཏེན་རིག་མིང་དུ་ (Grus canadensis) དང་རྒྱ་ནག་གིས(沙丘鹤) ཞེས་པ་དེ་ཡིན་པར་གཏན་འཁེལ་བྱེད་ཐུབ་ཡོད་པ་དང་།  འདི་ནི་བོད་ཁམས་ནས་ཆེས་ཐོག་མར་ཟིན་ཐོར་བཀོད་པ་ཡིན་པར་འདོད། དེའི་ཕྱིར་འདི་ལ་མིག་སྔར་བོད་མིང་མེད་པས་ད་ལྟ་བོད་མིང་ལ་ཅི་ཞིག་འདོགས་དགོས་སྐོར་བགྲོ་གླེང་བྱེད་བཞིན་པའི་སྒང་རེད།  ཁྲུང་ཁྲུང་འདིའི་ལ་ཏེན་རིག་མིང་ལ། Grus Canadensis དང་། དབྱིན་མིང་ལ། Sandhill Crane  རྒྱ་ནག་གི་རྒྱུན་བཀོལ་མིང་ལ (沙丘鹤、棕鹤、加拿大鹤)བཅས་ཟེར་གྱིན་འདུག

      འདི་ནི་ཀྲུང་གོ་ཡོངས་ལ་མཚོན་ནའང་ཤིན་ཏུ་མཐོང་དཀོན་པའི་ཁྲུང་ཁྲུང་ཞིག་སྟེ།  ཀྲུང་གོའི་འདབ་ཆགས་ལག་དེབ་སྟེང་ཁྲུང་ཁྲུང་འདི་ཁྱབ་བཀྲའི་སྟེང་དམར་ཐིག་ཅིག་ཡོད་པ་དེ་ནས་སྔོན་ཆད་ཁྲུང་ཁྲུང་འདིའི་རིགས་མགོ་འཁོར་ཞིག་ཟིན་ཐོར་འགོད་མྱོང་བའི་རྟགས་རེད།

ཡོང་ཁུངས། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ།

རྩོམ་སྒྲིག་པ། པད་མ།

 

ཐེངས་ 42308 བཀླགས་འདུག