བོད་མི་ས་སྲུང་བ་རྣམས་ལ་རྒྱ་མིས་དྲག་རྒོལ་བྱས་པ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་མང་རིང་བོད་སྡེ་ཨ་རིག་བྲག་དཀར་དང་རྒྱ་སྡེ་ཚའོ་མེན་ཀྲོང་གཉིས་ནི་བོད་རྒྱའི་མཐའ་འབྲེལ་ས་ཁུལ་ཡིན་སྟབས། འདས་པའི་ལོ་མང་རིང་སྡེ་བ་གཉིས་བར་ས་ཆའི་རྩོད་རྙོག་རིམ་བྱུང་ཡོད་ཀྱང་། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་ས་གནས་རྒྱ་གཞུང་རིམ་པས་དཀའ་རྙོག་འདུམ་སྒྲིག་མ་བྱས་པར་སྣང་མེད་དུ་བཞག་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༧ རྒྱ་སྡེ་ཚའོ་མེན་ཀྲོང་གིས་དངུལ་སྤྲད་དེ་ཡུལ་དམག་བསྡུས་རྗེས། ཨ་རིག་བྲག་དཀར་སྡེ་བའི་ས་སྲུང་བའི་ཐོག་དམག་དྲངས་ཏེ་རུབ་རྡུང་བྱས་པའི་ཛ་དྲག་གནས་ཚུལ་བྱུང་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༧ ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡའེ་གྲོང་ཁྱེར་མེན་ལིག་རྫོང་ནན་ཧྥུན་ཞང་ཚའོ་མེན་གྲོང་ཚོའི་རྒྱ་མི་ཀྲང་ཝུ་དང་ཀྲང་ཝན་གཉིས་ཀྱིས་མགོ་བསྡུ་བྱས་ཐོག ཀྲང་ཡའེ་གྲོང་ཁྱེར་ནང་གི་ནག་ཚོགས་པ་མི་རེ་ལ་རྒྱ་སྒོར་ ༡༠༠༠ རེ་སྤྲད་ནས་རྒྱ་མི་ ༡༠༠ ལྷག་གླས་རྗེས། གྲི་དང་དབྱུག་པ་མཚེར་མགོ་ཅན་སོགས་ལག་སྣ་ཚོགས་བཟུང་སྟེ། ཀན་སུའུ་ཞིང་ཆེན་དང་འདབས་འབྲེལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་མཁར་དམར་ཞང་ཨ་རིག་བྲག་དཀར་སྡེ་བའི་བོད་མི་ས་སྲུང་བའི་སྡོད་གུར་ཡོད་སར་དམག་དྲངས་ཏེ། བོད་མི་ས་སྲུང་བ་རྣམས་ལ་རུབ་རྡུང་བྱས་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
photosརྒྱ་རིགས་དྲག་སྤྱོད་པ་དེ་རྣམས་ཁག་ཅིག་རླངས་འཁོར་དང་སྐོར་ཞིག་རྐང་ཐང་ལ་བསླེབས་ཡོད་སྟབས། ཨ་རིག་བྲག་དཀར་སྡེ་བའི་བོད་མི་ས་སྲུང་བ་ ༣༠ ལྷག་ཡོད་པའི་ཁྲོད་ནས། མི་ ༡༠ ཙམ་རི་མགོར་བྲོས་ཏེ་རྒྱ་ལག་ཏུ་མ་ཤོར་བར་ཐར་ཐུབ་ཡོད་ནའང་། དེ་འཕྲོས་ཀྱི་བོད་མི་ ༢༠ ལྷག་རྒྱ་ལག་ཏུ་ཤོར་ཏེ་རྨས་སྐྱོན་འདྲ་མིན་ཕོག་ཡོད་འདུག རྨས་སྐྱོན་ཕོག་མཁན་ཚོའི་གྲས་ནས་ཚབས་ཆེ་ཤོས་ནི་ཨ་རིག་བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་དང་། སྡེ་མི་བསམ་འགྲུབ་དང་ཞོའོ་ཀྲང་གསུམ་ཡིན་འདུག སྡེ་དཔོན་རབ་བརྟན་གྱི་རྐང་ལག་བཞི་བོ་བཅག་ཡོད་པ་དང་། བསམ་འགྲུབ་དང་ཞོའོ་ཀྲང་གཉིས་ཀྱི་མགོ་དང་རྐང་པར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད། ཁོང་གསུམ་ད་ལྟ་ཀན་སུའུ་ཀྲང་ཡའེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་མྱུར་སྐྱོབ་དང་། གཞན་པའི་བོད་མི་རྨས་མ་ ༡༤ ཙམ་ཀན་སུའུ་མེན་ལིག་རྫོང་གི་སྨན་ཁང་ཞིག་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག
ཕྱོགས་གཉིས་ཀྱིས་རྩོད་ཀྱིན་པའི་ས་ཆ་དེའི་མིང་ལ་འཁྱག་ལུང་ཟེར་ཞིང་། ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འདབས་འབྲེལ་ཏེ་བོད་རྒྱའི་མཐའ་མཚམས་ལ་ཁེལ་ཡོད་ལ། ཚའོ་མེན་ཀྲོང་རྒྱ་སྡེ་ཡིས་འདབས་འབྲེལ་ཨ་རིག་བྲག་དཀར་བོད་སྡེ་ཡི་དབྱར་སར་རིམ་པས་སིམ་འཛུལ་བྱས་ཏེ་འཕྲོག་ཐབས་བྱེད་བཞིན་ཡོད་སྟབས། ལོ་ལྟར་དབྱར་ཀར་བསླེབས་ཐེངས་རེར་མཐའ་མཚམས་ཀྱི་བོད་སྡེ་དང་རྒྱ་སྡེ་དེ་གཉིས་བར་འཁྲུག་རྙོད་མང་པོ་ཤོར་བཞིན་ཡོད་འདུག ཡིན་ནའང་། ས་གནས་ཞིང་ཆེན་དང་ཁུལ་རིམ་པས་མཐའ་མཚམས་རྩོད་རྙོག་དེ་ད་ལྟའི་བར་འདུམ་སྒྲིག་ཐག་གཅོད་མ་བྱས་པར་ལྷག་ཡོད་འདུག
ཐེངས་འདིར་ཚའོ་མེན་ཀྲོང་རྒྱ་སྡེ་ཡིས་བོད་མི་རྣམས་ལ་རུབ་རྡུང་མགོ་གནོན་བྱ་ཐུབ་ཆེད། ཀྲང་ཡའེ་གྲོང་ཁྱེར་ནང་རྒྱ་རིགས་ནག་ཚོགས་མི་སྣ་ ༡༠༠ ལ་དངུལ་སྤྲད་དེ་གླས་ཤིང་ལག་ཆ་འདྲ་མིན་གྲ་སྒྲིག་ཚགས་ཚུད་བྱས་ཡོད་པ་མ་ཟད། དབྱུག་པའི་མགོ་ལ་ལྕགས་མཛེར་བརྡབ་སྟེ་བོད་མིར་ཆེད་དུ་གཅར་རྡུང་བྱེད་སྤྱད་ཀྱི་ལག་ཆ་དབྱུག་པ་མཛེར་མགོ་མ་ཞིག་བཟོས་ཡོད་པ་དང་། དབྱུག་པ་མཛེར་མགོ་མ་དེས་མིའི་ལུས་སྟེང་དུ་གཞུས་ཚེ་ལུས་ཀྱི་ཤ་རྣམས་གཙབ་རལ་གཏོང་ཐུབ་ཀྱི་ཡོད་འདུག
འཁྲུག་འཛིང་གནས་ཚུལ་དེ་བྱུང་བའི་རྗེས་སུ་ཨ་རིག་བྲག་དཀར་སྡེ་བར་ཡོད་པའི་ཉེན་རྟོག་པ་དང་མེན་ལིག་རྫོང་གི་ཉེན་རྟོག་པ། དེ་བཞིན། རྫོང་ཁག་གཉིས་ཀྱི་མགོ་ཁྲིད་ཁག་ཅིག་བཅས་དོན་རྐྱེན་བྱུང་ཡུལ་ས་གནས་སུ་འབྱོར་ཡོད་ཀྱང་། རྒྱ་མི་ཡུལ་དམག་དེ་དག་བྲག་དཀར་སྡེ་བའི་ཉེན་རྟོག་པའི་ཐོག་ལ་རྒྱུགས་ཏེ་ཉེས་རྡུང་གཏོང་རྩིས་བྱས་ཡོད་འདུག ཡིན་ནའང་། རྫོང་ཁག་གཉིས་ཀའི་མགོ་ཁྲིད་ཚོས་ཐབས་མཁས་བསྟུན་ཤེས་བྱས་ཏེ་འཁྲུག་འཛིང་ཤོར་བཅུག་མི་འདུག རྗེས་སུ་ཨ་རིག་བྲག་དཀར་སྡེ་བའི་མང་ཚོགས་ཀྱིས་ཡུལ་དམག་བསྡུས་ཏེ་ཕར་རྒོལ་ལན་སྤྲོད་རྩིས་བྱས་ཡོད་ཀྱང་། མདོ་ལ་རྫོང་གི་མགོ་ཁྲིད་ཚོས་ཉིན་ལྔའི་ནང་ཚུད་དུ་གང་མགྱོགས་གནས་ཚུལ་ཐག་གཅོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ་ཡུལ་མི་རྣམས་བཀག་འགོག་ཡོད་འདུག
རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་བཟུང་བྱས་པ་ནས་བཟུང་ད་ལྟའི་བར་དུ། བོད་རྒྱའི་མཐའ་བྲེལ་ས་ཁུལ་དག་གི་ས་མིང་རྒྱ་སྒྱུར་དང་། ཉེ་འདབས་ཀྱི་རྒྱ་སྡེ་རྣམས་རིམ་པས་བོད་ཀྱི་ས་ཐོག་ཏུ་གནས་སྤོར་གྱིས་བོད་མིའི་ས་ཆ་བཙན་འཕྲོག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁ་གཏད་བོད་སྐྱོར་ཞེས་པའི་ལས་གཞིའི་མིང་ཐོག་ནས། བོད་ཁུལ་དུ་གྲོང་ཁྱེར་དང་གཏེར་ཁ་བསྔོག་འདོན་གྱི་བཟོ་གྲྭ་མང་པོ་འཛུགས་བསྐྲུན་བྱས་ཐོག རྒྱའི་ནང་ལོག་གི་རྒྱ་མི་ཚོང་པ་དང་ལས་ཀ་བ་མང་པོ་བོད་ཀྱི་ས་ཁུལ་ཁག་ནང་གནས་སྤོར་དང་། དེ་བཞིན། རྒྱའི་ནང་ལོག་ཏུ་ལས་ཀ་ཤོར་མཁན་གྱི་ལས་བྱེད་དང་ལས་ཀ་རག་གི་མེད་པའི་མཐར་ཕྱིན་སློབ་མ་རྣམས་ལ་གླ་ཆ་དང་འཚོ་སྣོན་མང་པོ་སྤྲད་དེ། བོད་སྐོར་ལས་བྱེད་པའི་མིང་ཐོག་ནས་བོད་ཁུལ་གྱི་ཁུལ་དང་རྫོང་པའི་དཔོན་པོར་ཐད་ཀར་བསྐོ་འཇོག་བྱས་ཏེ། བོད་ས་རང་ནས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་བདག་དབང་བཙན་འཕྲོག་བྱེད་བཞིན་ཡོད། དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་རྒྱ་གཞུང་གི་སྲིད་ཇུས་དེ་དག་ནི། རྒྱལ་སྤྱིའི་ཁྲིམས་གཞི་ཁག་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ནང་འཁོད་པའི་མི་རིགས་འདྲ་མཉམ་གྱི་ཁས་ལེན་དང་རྒྱབ་འགལ་དུ་གྱུར་ཡོད།
duola xianམཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་ཁོངས་སུ་བོད་རིགས་ཞང་ ༧ དང་རྒྱ་རིགས་ཞང་ ༡ ཡོད་། རྫོང་ཧྲིལ་པོར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༥༦༡༠ དང་། ༢༠༠༢ ལོའི་རྒྱ་གཞུང་གི་མི་གྲངས་རྩིས་བཤེར་གྱི་གྲངས་འབོར་ལྟར་ན། རྫོངས་ཡོངས་ལ་མི་གྲངས་ཁྲི་ ༤ ཡོད་པའི་ཁྲོད་རྒྱ་རིགས་ཀྱི་གྲངས་འབོར་ནི་ས་གནས་ཡུལ་མི་བོད་རིགས་ལས་ཀྱང་མང་བ་ཆགས་ཡོད་འདུག ཨ་རིག་བྲག་དཀར་སྡེ་བ་ནི་བོད་རྒྱའི་མཐའ་མཚམས་ས་ཁུལ་དུ་ཡོད་པ་རེད། ཀན་སུའུ་མེན་ལིག་རྫོང་ཁོངས་སུ་གྲོང་བརྡལ་ ༦ དང་ཞང་ ༤ ཡོད་པ་དང་། རྫོང་ཧྲིལ་པོར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༦༨༧ དང་མི་གྲངས་ཁྲི་ ༢༤ ལྷག་ཡོད་འདུག
ཐེངས་ 42305 བཀླགས་འདུག