བོད་མཐོ་སྒང་གི་གལ་གནད་མདོར་ཙམ་གླེང་བ།
ལོ་ངོ་ས་ཡ་ལྔ་བཅུ་ཙམ་གྱི་སྔ་རོལ་དུ་གླིང་ཆེན་ཨེ་ཤི་ཡ་དང་རྒྱ་གར་གླིང་ཕྲན་གཉིས་གདོང་ཐུག་ཤོར་བ་ལས་འཛམ་གླིང་ས་ཡི་ཡངས་ཐོག་གོ་ལའི་སྣེ་མོ་གསུམ་པ། གླིང་ཆེན་ཨེ་ཤི་ཡའི་ཆུའི་མཛོད་དང་ས་ཡི་དཀྱིལ། མཐའ་བཞི་མཐོན་པོ་གངས་རིས་བསྐོར་ཞིང་དབུས་སུ་སྤང་ལྗོངས་མེ་ཏོག་གིས་བརྒྱན་པའི་སའི་གོ་ལའི་སྟེང་གི་གཞི་རྒྱ་ཆེ་ཤོས་ཀྱི་མཐོ་སྒང་བོད་ཅེས་པ་འདི་གྱེན་དུ་འབུར་ཐོན་བྱུང་།
བོད་མཐོ་སྒང་གི་མཐོ་ཚད་ལ་ཆ་སྙོམ་མི་ཊར་༤༥༠༠ཙམ་དང་། ཤར་ནས་ནུབ་བར་གྱི་ས་ཁྱོན་ལ་སྤྱི་ལེ་༣༠༠༠ ཙམ། བྱང་ནས་ལྷོ་བར་སྤྱི་ལེ་༡༥༠༠ཙམ་བཅས་ཡོད། བོད་མཐོ་སྒང་གི་ལྷོ་རུ་རི་བོ་ཧི་མ་ལ་ཡ་དང་། ཁ་བ་དཀར་པོ། མི་ཉག་གངས་དཀར་རི་རྒྱུད་དང་། ཤར་དུ་སྡེ་དགེ་ཁྲོ་ལ་དང་། གཡའ་ར་སྟག་རྩེ། ཨ་མྱེས་རྨ་ཆེན་རི་རྒྱུད། བྱང་དུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དང་། ཨ་ཐན་རི་བོ། ཀུན་ལུང་རི་བོ། གསེར་རྟའི་རི་རྒྱུད། ནུབ་ཏུ་གཉའ་ལམ་རི་བོ་དང་གངས་དཀར་ཏི་སེའི་རྒྱུད། དབུས་སུ་གདང་ལ་རི་བོ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་བཅས་སྲིད་པའི་གངས་རི་མཐོན་པོ་བཅུ་བཞིས་ཡོངས་སུ་བསྐོར་ཡོད། བོད་མཐོ་སྒང་སྟེང་གི་འཁྱགས་རོམ་གྲངས་ ༤༡༠༠༠ ཙམ་དང་། གཞི་རྒྱ་ཧ་ཅང་ཆེ་བའི་གཏན་ཆགས་འཁྱགས་རིམ་གྱིས་(གོ་ལའི་སྣེ་མོ་གཉིས་ཕུད་) འཛམ་གླིང་ནང་གི་འཐུང་ཆུའི་གསོག་ཉར་གཞི་རྒྱ་ཆེ་ཤོས་སེང་གེ་ཁ་འབབ་དང་། ཡར་ཀླུང་གཙང་པོ། རྫ་ཆུ། འབྲི་ཆུང། རྨ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་རྩ་བའི་འབྱུང་ཁུངས་ཙམ་མ་ཟད་འཛམ་བུ་གླིང་གི་མི་འབོར་བརྒྱ་ཆ་༥༠ཙམ་གྱི་ཆུའི་དགོས་མཁོ་ཕལ་མོ་ཆེར་བསྐྲུན་གྱི་ཡོད། ཕྱི་དྲིལ་ཁོར་ཡུག་ཚན་པས་མཁོ་འདོན་དང་ཕྱི་ལོ་༢༠༡༢ལོར་སྤེལ།
ཐེངས་ 42193 བཀླགས་འདུག