Donate

གོ་ལའི་ཚ་དྲོད་དང་མ་འོངས་པའི་འཇིག་རྟེན།

ང་ཚོ་འཚོ་སྡོད་བྱེད་སའི་ས་ཡི་གོ་ལ་འདི་ནི་རླུང་ཁམས་ཀྱི་ཡོངས་སུ་བཏུམ་ཡོད་ལ། ལོ་རེ་བཞིན་གོ་ལ་ཟླུམ་པོ་འདིའི་རླུངས་ཁམས་ཁོར་ཡུག་གི་ཚ་དྲོད་འཕར་བཞིན་པ་འདིས་འཇིག་རྟེན་ཟླུམ་པོ་འདིའི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།འཛམ་གླིང་ནང་བཟོ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པ་དེས་ང་ཚོ་འཚོ་སྡོད་བྱེད་སའི་འཇིག་རྟེན་འདིར་ཤུགས་རྐྱེན་ངེས་ཅན་ཞིག་སྤྲོད་ཀྱིན་ཡོད་ལ། དཀའ་ངལ་འདི་ནི་འཛམ་གླིང་སྤྱི་ཡོངས་ལ་ཐུན་མོང་ཐོག་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་དང་ང་ཚོའི་མི་རབས་རྗེས་མ་ཚོའི་འཚོ་གནས་སྲུང་སྐྱོབ་དགོས་པའི་གནད་དོན་གལ་ཆེ་ཤོས་ཆགས་ཡོད།

གོ་ལའི་ཚ་དྲོད་འཕེལ་བཞིན་པའི་རྒྱུ་རྐྱེན།
གོ་ལའི་ཚ་དྲོད་འཕེལ་བཞིན་པ་འདིའི་རྒྱུ་རྐྱེན་ཐད་ཚན་རིག་པ་དག་གིས་འགྲོ་བ་མིའི་བྱ་སྤྱོད་དང་རང་བྱུང་འགྱུར་བ་གཉིས་ཡོད་པའི་ངོས་འཛིན་གནང་ཡོད་ནའང་། འགྲོ་བ་མིའི་བྱ་སྤྱོད་ཀྱིས་རང་བྱུང་འཇིག་རྟེན་འདིའི་ཁོར་ཡུག་ཆ་སྙོམས་ལ་གཏོར་སྐྱོན་ཐེབས་བཞིན་པ་དེས་བརྒྱ་ཆ་དགུ་བཅུ་ཟིན་ཡོད་པ། ཚན་རིག་པ་ཁག་ཅིག་གིས་དུས་རབས་ཀྱི་འགྱུར་བ་དང་བསྟུན་ཉི་མའི་ཚ་དྲོད་འཕེལ་བཞིན་ཡོད་པ་དེས་ཤུགས་རྐྱེན་ཐེབས་བཞིན་ཡོད་ཚུལ་ཡང་བརྗོད་ཀྱིན་ཡོད། འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་ང་ཚོའི་རླུང་ཁམས་ཁོར་ཡུག་ནང་མཁའ་རླུང་བཙོག་པོས་ཁྱབ་ཡོད།

གོ་ལའི་ཚ་དྲོད་འཕེལ་བ་འགོག་ཐབས་ཡོད་དམ།
གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེ་འགོག་ཐབས་བྱ་རྒྱུ་ནི་འཕྱི་དྲགས་པའི་ལས་དོན་ཞིག་ཡིན་ནའང་། འཛམ་གླིང་སྤྱི་ཡོངས་ཀྱིས་ཐུན་མོང་ཐོག་མཉམ་ལས་བྱས་པ་ཡིན་ན་གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེའི་མགྱོགས་ཚད་ཅུང་དལ་དུ་གཏོང་ཐུབ་པའི་གོ་སྐབས་ཤིག་ཡོད། རླུང་ཁམས་ནང་རྒྱུ་བཞིན་པའི་མཁའ་རླུང་བཙོག་པ་དེ་རྩ་མེད་དུ་འགྲོ་བར་དུས་ཚོད་རིང་པོ་དགོས་ལ། དཀའ་ངལ་ཆེ་ཤོས་དེ་འགྲོ་བ་མིའི་སྤྱི་ཚོགས་ཀྱིས་མཁའ་རླུང་བཙོག་པ་བཟོ་བའི་བྱ་སྤྱོད་ལ་ཚོད་འཛིན་དཀའ་བ་དེ་ཆགས་ཡོད།

གོ་ལའི་ཚ་དྲོད་འཕེལ་བཞིན་པའི་ཐད་ཀྱི་དངོས་ཡོད་གནས་ཚུལ་ཁག་བཅུ།
༡༽ གོ་ལའི་ཚ་དྲོད་འཕེལ་བཞིན་པའི་རྒྱུ་རྐྱེན་གྱི་བརྒྱ་ཆ་དགུ་བཅུ་ནི་འགྲོ་བ་མིའི་བྱ་སྤྱོད་ལས་འབྱུང་བཞིན་པ་ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ཆགས་ཡོད་ལ། འདི་ནི་ཨ་རི་གཙོ་བྱས་པའི་བཟོ་ལས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་བཞི་བཅུའི་ཚན་རིག་མཁས་ཅན་དང་གཞུང་འབྲེལ་མི་སྣས་ངོས་འཛིན་ཐག་གཅོད་བྱས་ཡོད།

༢༽ ལོ་ ༡༥༠ ཚུད་ཆད་ནས་བལྟས་པ་ཡིན་ན། འདས་པའི་ལོ་བཅུ་གཉིས་ཁྲོད་ཀྱི་ལོ་བཅུ་གཅིག་ནི་ལོ་རྒྱུས་ཁྲོད་ཚ་དྲོད་ཆེ་ཤོས་ཆགས་ཟིན་པའི་ཟིན་ཐོ་གསར་པ་བསྐྲུན་ཡོད་ལ། འདི་ནི་གོ་ལའི་ཚ་དྲོད་འཕེལ་བཞིན་བདེན་དཔང་ཁུངས་བཙན་ཡིན།

༣༽མིའི་རིགས་ཀྱིས་སྐར་ཆ་རེའི་རེའི་ནང་ང་ཚོ་འཚོ་སྡོད་བྱེད་སའི་ཁོར་ཡུག་ཁྲོད་མཁའ་རླུང་བཙོག་པ་ཏུན་ཆིག་སྟོང་རེ་གཏོང་བཞིན་ཡོད་ལ། དེ་ཡང་གཙོ་བོ་མིའི་རིགས་ཀྱིས་རྡོ་སོལ་དང་རྡོ་སྣུམ་སོགས་སྐྱེ་དངོས་འགྱུར་རྡོ་མེར་སྲེག་བཏང་བ་ལས་འབྱུང་བཞིན་ཡོད། དེང་དུས་ཀྱི་མཁའ་རླུང་བཙོག་པ་བཟོ་བའི་བགྱོགས་ཚད་དེ་ལོ་རྒྱུས་ཁྲོད་ཀྱི་ཟིན་གསར་པ་དེ་ཡིན།

༤༽དེང་དུས་ཀྱི་བཟོ་ལས་ཁག་གིས་མཁའ་རླུང་ཁྲོད་གཏོང་བཞིན་པའི་མཁའ་རླུང་བཙོག་པའི་བརྒྱ་ཆ་ནི་དེ་སྔོན་གྱི་བཟོ་ལས་ཁག་གིས་གཏོང་བཞིན་པའི་མཁའ་རླུང་བཙོག་པོའི་བརྒྱ་ཆ་ ༣༥ ལས་བརྒལ་བ་ཟིན་ཡོད།

༥༽གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེས་གནམ་གཤིས་འགྱུར་ལྡོག་གི་ཁ་ཕྱོགས་ངེས་གཏན་མེད་པར་ཐན་སྐྱོན་དང་ཆུ་ལོག་གི་གནོད་འཚེ། ཚ་བའི་གནོད་འཚེ། འཁྱག་རོམ་དང་གངས་རི་བཞུས་ཏེ་རྒྱ་མཚོའི་མཐོ་ཚད་འཕར་བ་སོགས་ཀྱི་དཀའ་ངལ་སྤྲོད་ཀྱིན་ཡོད།

༦༽ལོ་བརྒྱ་ཙམ་ཕྱིན་པའི་རྗེས་ལ་གོ་ལའི་ཚ་དྲོད་འཕེལ་བའི་མཇུག་འབྲས་དེ་ཆེས་འཇིགས་སུ་རུང་བ་ཞིག་ཆགས་རྒྱུ་ཡིན་ལ། སྐབས་དེར་རྒྱ་མཚོའི་འགྲམ་ངོགས་དང་ས་ཁམས་ཆགས་ཡུལ་དམའ་བའི་ས་ཁུལ་ཡོངས་སུ་ཆུའི་འོག་ཏུ་ཤོར་རྒྱུ་ཡིན་པར་མ་ཟད། ཚ་བ་དང་ཐན་སྐྱོན་གྱི་གནོད་འཚེ། ཆར་རླུང་གནོད་འཚེ་སོགས་ཀྱི་འཇིགས་པ་ཚོད་དཔག་དཀའ་བ་ཞིག་ཡོང་རྒྱུ་ཡིན་འདུག

༧༽ ལོ་བརྒྱའི་རྗེས་སུ་གོ་ལའི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་མི་ས་ཡ་མང་བོའི་འཚོ་སྡོད་དང་ཞིང་ལས་ས་ཁུལ་མང་བོའི་ཆུ་ལོག་དང་ཐན་སྐྱོན་ཡོང་བ་དང་འཐུང་ཆུའི་དཀའ་ངལ་དང་ནད་ཡམས། ཤིང་ནགས་དང་རྩི་ཤིང་ས་ཁུལ་ལ་མེའི་གནོད་འཚེ་ཡོང་རྒྱུ་ཡིན་འདུག

༨༽དེང་དུས་ཀྱི་ཚ་དྲོད་འཕེལ་བཞིན་པའི་མྱུར་ཚད་དེ་འདི་ལྟར་ རྒྱུན་མུར་གནས་ཚེ། ལོ་ ༥༠ ནང་སེམས་ཅན་དང་ཤིང་སྣའི་རིགས་ས་ཡ་གཅིག་ལྷག་རྩ་མེད་དུ་གྱུར་ཏེ། འཛམ་གླིང་འདིའི་སྐྱེ་དངོས་སེམས་ཅན་རིགས་ཀྱི་བརྒྱ་ཆ་ ༢༥ རྩ་སྟོངས་སུ་འགྲོ་རྒྱུ་ཡིན་འདུག

༩༽རྒྱ་གཞུང་གིས་མ་འོངས་པའི་ལོ་བཅུ་ཕྲག་གཅིག་གི་ནང་། བདུན་ཕྲག་རེའི་ནང་རྡོ་སོལ་བེད་སྤྱོད་བྱེད་བཞིན་པའི་བཟོ་གྲྭ་རེ་གསར་འཛུགས་བྱེད་རྒྱུའི་འཆར་གཞི་བཏིངས་ཡོད། ཨ་རིའི་གཞུང་ནི་ད་ལྟའི་ཆར་འཛམ་གླིང་ནང་མཁའ་རླུང་བཙོག་པོ་གཏོང་མཁན་གྱི་རྒྱལ་ཁབ་ཨང་དང་པོ་ཆགས་ཡོད་མོད། མི་འགྱངས་པར་རྒྱ་གཞུང་དེ་ཨ་རི་ལས་སྡུག་པའི་མཁའ་རླུང་བཙོག་པོ་བཟོ་མཁན་གཙོ་བོ་དེ་ཆགས་རྒྱུ་ཡིན་འདུག

༡༠༽ གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེ་འགོག་རྒྱུ་ཕྱིས་དྲགས་ཡོད་ནའང་། ང་ཚོས་ཚ་དྲོད་འཕེལ་བཞིན་པ་དེའི་མྱུར་ཚད་དལ་དུ་གཏོང་བར་ནུས་པ་འདོན་ཐུབ།

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42119 བཀླགས་འདུག