Donate

བོད་ཀྱི་སྣོད་བཅུད་ཀྱི་འགྲེལ་བཤད་མདོར་བསྡུས།

ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། མཚོ་སྔོན་པོ་གཡུ་ཡི་མཎ་ཌལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། དྲི་ཞིམ་པོ་སྨན་གྱི་གདུག་སྤོས་ཡོད། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།

ཅེས་རྒྱལ་བའི་ལུང་གིས་བསྔགས་པའི་པུར་རྒྱལ་བོད་ནི་འཛམ་གླིང་གི་ཡང་སྟེང་དུ་གནས་ཡོད་ཅིང་། ཤར་ཕྱོགས་སུ་རྒྱ་ནག ཤར་ལྷོར་བྷར་མ། ལྷོ་ཕྱོགས་སུ་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ། ནུབ་ཕྱོགས་སུ་པ་ཀི་སི་ཐན། ནུབ་བྱང་དུ་ཤར་ཏུར་ཀི་སི་ཐན་བཅས་ཀྱི་དབུས་སུ་གནས་ཡོད་པའི་རང་བྱུང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ཡུལ་ཞིག་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོར་རང་དབང་རང་བཙན་གྱི་རྒྱལ་རབས་ལོ་རྒྱུས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ས་བབས། རིག་གཞུང་། སྐད་ཡིག ཡུལ་སྲོལ། གོམས་གཤིས་སོགས་ཁྱིམ་མཚེས་རྒྱལ་ཁབ་གཞན་ལས་ཐ་དད་པའི་རྒྱལ་ཁབ་ཞིག་ཡིན། མི་འབོར་ནི་ས་ཡ་དྲུག་ལྷག་ཙམ་ཡོད། བོད་ཆོལ་ཁ་གསུམ་ས་ཁུལ་ཡོངས་ཀྱི་ས་ཁྱོན་ལ་ཀི་ལོ་མི་ཀྲར་གྲུ་བཞི་མ་ ༢༥༠༠༠༠༠ ཙམ་ཡོད་པས་ཉི་ཧོང་རྒྱལ་ཁབ་ཀྱི་ས་ཁྱོན་ལས་ལྡབ་བཅུ་ལྷག་དང་། ཕ་རན་སེའི་ས་ཁྱོན་ལས་ལྡན་བདུན་ལྷག་ཙམ་ཆེ། ས་ཁུལ་ཡོངས་ཀྱི་མཐོ་ཚད་ཆ་སྙོམས་བྱས་ན་རྒྱལ་མཚོའི་ངོས་ལས་མི་ཊར་ ༣༥༠༠ ལྷག་ཡོད།

ཕྱིའི་སྣོད་ཀྱི་བཀོད་པ་ནི། མུ་ཏིག་བསྟར་ལ་བརྒྱུས་འདྲའི་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་ཞིང་། ཨ་སྔོན་ས་ལ་བཞུས་འདྲའི་མཚོ་དང་མཚེའུ་མང་པོས་གསེར་ལྡན་སྒེག་མོར་མཛེས་རྒྱན་སྤྲས་པ། རབ་དཀར་ཟེགས་མ་མཁའ་ལ་འཕྱོ་བའི་ཆུ་ཀླུང་རྣམས་ནི་གསོན་ཉམས་ལྡན་པའི་གཡུ་འབྲུག་སྔོན་མོ་དག་རོལ་རྩེད་སླད་དུ་ས་ན་རྒྱུ་བ་དང་གཉིས་སུ་མ་མཆིས། དྲི་བསུང་འཚོ་བཅུད་ལྡན་པའི་སྨན་རྩྭ་དང་། ལྗོན་ཤིང་གིས་རི་ཀླུང་མཛེས་པར་བརྒྱན་པ། མཐའ་ཡས་པའི་རྩྭ་ཐང་སྟེང་དུ་བསུང་ཞིམ་ཁ་དོག་བཀྲ་བའི་སྣ་མང་མེ་ཏོག་འཛུམ་ཞལ་ལྷུག་པར་དགོད་པ། གཅན་གཟན་དང་། རི་དྭགས། འདབ་ཆགས་སེམས་ཅན་རྣམས་ཚང་ཚིང་འཁྲིགས་པའི་ནགས་ཚལ་དང་། སྤང་གཤོངས། མཐའ་ཡས་པའི་རྩྭ་ཐང་སོགས་མ་བཅོས་རང་བྱུང་ཁམས་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་ཁོར་ཡུག་ཏུ་རང་དབང་ཅི་འདོད་ཀྱིས་འཚོ་བར་རོལ་བཞིན་གནས་ཡོད།

ཡུལ་དེའི་སྣོད་བཅུད་ཀྱི་བཀོད་པ་རགས་ཙམ་སྨོས་ན། བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་རི་བོ་ཆེན་པོ་ཧི་མ་ལ་ཡའི་སྲིད་ཀྱི་རིང་ཚད་ལ་སྤྱི་ལེ་ ༢༤༠༠ ལྷག་དང་། ཞེང་གི་ཚད་ལ་སྤྱི་ལེ་ ༣༠༠ ནས་ ༣༥༠ བར་ཡོད། མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་མི་ཊར་ ༦༠༠༠ ཡས་མས་ཡོད། ཧི་མ་ལ་ཡའི་རི་རྩེ་མཐོ་ཤོས་འཛམ་གླིང་གི་གཙུག་ཏོར་དུ་གྲགས་པ་ཇོ་མོ་གླང་མ་འམ། གངས་རྒྱལ་མོ་མཐོན་མཐིང་ནི་རྒྱ་མཚོའི་ངོས་ལས་མི་ཊར་ ༨༨༤༨་༡༣ ཡོད་པ་དང་། གཞན་ཡང་སྟོད་མངའ་རིས་ཕྱོགས་སུ་གངས་དཀར་ཏི་སི་འམ་གངས་རིན་པོ་ཆེ། གཙང་ཕྱོགས་སུ་གནོད་སྦྱིན་གང་བཟང་། ཇོ་མོ་ཁ་རག དབུས་ཕྱོགས་སུ་གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་བུ། བོད་འབྲུག་ས་མཚམས་སྐུ་ལ་ཧ་རི། གནས་ཆེན་ཙ་རི་ཏྲ། ཁམས་ཕྱོགས་སུ་ཆུ་དམར་གངས་ཆགས། མི་ནག་གངས་དཀར། རོང་བཙན་ཁ་བ་དཀར་པོ། རྨེ་རི་གངས་དཀར། མདོ་སྨད་ཕྱོགས་སུ་རྨ་ཆེན་སྤོམ་ར། གངས་དཀར་ཕྱོགས་ལས་རྣམ་རྒྱལ། གསེར་རྟའི་འབྲོང་རི་སྨུག་པོ། གཉན་པོ་གཡུ་རྩེ་ལ་སོགས་པའི་རི་ཆེན་མིང་ཅན་མང་པོ་ཡོད་པ་དང་། རྩེ་མོ་དགུང་སྔོན་དབྱིངས་སུ་བསྙེགས་པ། ཁ་བའི་ཐོར་ཅོག་བཅིངས་ཤིང་། སྤྲིན་དཀར་གྱི་རས་གོས་འཆང་བའི་གངས་རི་ཆེན་པོ་དག་ནི། དྲང་སྲོང་སྒོམ་ཆེན་གཡོ་མེད་ཏིང་ངེ་འཛིན་ལ་བཞུགས་པ་དང་མཚུངས། མཐོ་ཞིང་བརྗིད་ཉམས་ལྡན་པའི་བྲག་རི་དང་། ནགས་རི། སྤང་རི། རྫ་རི་རྣམས་ནི་ཡུལ་དེའི་སྣོད་བཅུད་སྲུང་བའི་མཁར་རྫོང་དང་འདྲ་བར་གནས། རི་ངོགས་དང་། ཡུལ་ལྗོངས་མང་པོར་མ་བཏབ་གདོད་མའི་ནགས་ཚལ་མཐའ་ཡས་པའི་ལྗོན་ཤིང་སྡོང་རྒན་མི་ལོ་སྟོང་ཕྲག་ལ་ཉེ་བ་ལ་འགའི་སྦོམ་ཚད་ཕི་ཀྲི་ ༢༠ ནས་ ༤༠ བར་དང་། མཐོ་ཚད་མི་ཀྲར་ ༥༠ དང་ ༦༠ བརྒལ་བའི་ཤིང་ནགས་ཚང་ཚིང་འཁྲིགས་པ་ནི་བོད་ཀྱི་ནོར་འཛིན་སྒེག་མོས་སྔོ་ལྗང་དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་ལམ་སྙམ།

 དེ་ལྟ་བུའི་ནགས་ཚལ་སྟུག་པོའི་ངོགས་སུ་གཅན་གཟན་གྱི་རིགས་སྣ་ཚོགས་མཆིས་པ་ནི། སྟག གཟིག དོམ། གཡི། དོམ་དཀར། དྲེད་མོ། འཕར་བ། གསའ། སྲེ་མོང་། ཕག་རྒོད། སྤྱང་ཀི། སྤྲ་སྤྲེའུ་ལ་སོགས་པ་དང་། སྤང་རི་དང་། རྫ་རི། བྲག་རི། རྩ་ཐང་ལ་སོགས་པའི་ཁྲོད་དུ་རི་དྭགས་གནའ་བ་དང་། ཤྭ་བ། གླ་བ། རྒོ་བ། འབྲོང་གཉན། རྐྱང་། ཟེར་མོང་། འཕྱི་བ། རི་བོང་། ཁ་ཤ གྲུམ་པ། གཙོ་ལ་སོགས་པ་རྣམས་རང་དབང་བག་ཡངས་ཅི་དགར་འཚོ་བཞིན་ཡོད།

གཞན་ཡང་རྩ་ཆེའི་སྨན་རྒྱུ་དང་། ཞིམ་མངར་རོ་བཅུད་ལྡན་པའི་འབྲས་ལྡན་ཤིང་སྣ་དེ་དག་ལ་མེ་ཏོག་གི་འཛུམ་ཞལ་དགོད་ཅིང་། གཡུར་དུ་ཟ་བའི་འབྲས་བུའི་ཁུར་གྱིས་ལྕི་བའི་ཁྲོད་དུ་འདབ་ཆགས་རིགས་སྣ་ཚོགས་ཀྱིས་གྲེ་བའི་དབྱངས་སྙན་སྒྲོག་པ་དང་། རང་དབང་ཅི་དགའ་འཕུར་ལྡིང་རྩེད་དགར་རོལ་བ་ནི་སྐྱེ་བོ་ཀུན་གྱི་རྣ་བའི་བདུད་རྩིར་གྱུར་ཅིང་། ཡིད་སེམས་དབང་མེད་དུ་འགུགས་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མང་དག་མཆིས།

བོད་གངས་ཅན་གྱི་ལྗོངས་ནས་དྭངས་ཤིང་བསིལ་བའི་ཆུ་ཀླུང་ཆེན་པོ་ཇི་སྙེད་འབབ་བཞིན་མཆིས་པ་ནི། མངའ་རིས་ངག་གྲོས་རྙིང་མ་ཞིག་ལས།
རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ནས་འབབ།
གྲོ་ཤོད་བོད་ཀྱི་རྟ་ཕོའི་ཐོན་ཁུངས་ཡིན།
རྨ་བྱ་ཁ་འབབ་སྤུ་ཧྲེང་ཡུལ་ནས་བབ།
སྤུར་མོ་བོད་ཀྱི་མཛེས་མའི་དང་རྩེ་ཡིན།
གླང་ཆེན་ཁ་འབབ་གུ་གེའི་ཡུལ་ནས་བབ།
གུ་གེ་བོད་ཀྱི་ནོར་སྣའི་ཐོན་ཁུངས་བཟང་།
སེང་གེ་ཁ་འབབ་ལ་དྭགས་གཞུང་ལ་བབ།
ལ་དྭགས་དཔལ་རྩལ་འཛོམས་པའི་ས་ཆ་ཡིན།
ཞེས་དང་། ནང་ཆེན་རྒྱལ་རབས་ཡ་རབས་རྣམ་རྒྱལ་ལས། འབྲི་སྣ་ཁུང་ནས་འབྲི་ཆུང་གསེར་ལྡན་སེར་པོ། གཡག་རྭ་སྟག་རྩེ་ནས་རྨ་ཆུ་མཚལ་ལྡན་དམར་པོ། ཁྲ་སྡོམ་ཕུ་ནས་རྫ་ཆུ་ནོར་ལྡན་སྔོན་པོ། ལྕི་རྡོག་སྤུག་གསུམ་ནས་ལྕི་ཆུ་དཀར་མོ་འབྲུ་མཛོད། ཅེས་གསལ་བ་ལྟར་སྟོད་མངའ་རིས་ཕྱོགས་ཀྱི་གངས་ཏེ་སེ་འམ། གངས་རིན་པོ་ཆེ་ཞེས་གྲགས་པའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ནི། ཤར་ཕྱོགས་སུ་འབབ་པའི་ཆུ་བོ་རྟ་མཆོག་ཁ་འབབ་སྟོད་ནས་གཙང་གི་གཞུང་བརྒྱུད། དབུས་ཀྱི་སྐྱིད་ཆུ་དང་ཟླ་སྒྲིལ་གྱིས་ཡར་ཀླུང་དང་། དྭགས་ཀོང་ནས་གནམ་ལྕགས་འབར་བ་རི་བོར་གཡས་བསྐོར་གྱིས་གློ་ཡུལ་བརྒྱུད་རྒྱ་གར་ཤར་ཕྱོགས་ཨ་སམ་དང་། བྷང་གྷལ་བརྒྱུད་ནས་ཧིན་རྡུ་རྒྱ་མཚོ་ཆེན་པོར་བབས་བཞིན་ཡོད། ལྷོ་ཕྱོགས་སུ་འབབ་པའི་ཆུ་བོ་རྨ་བྱ་ཁ་འབབ་ནི་སྤུ་ཧྲེང་ཕྱོགས་ནས་བལ་ཡུལ་དང་། རྒྱ་གར་ཨུ་ཏར་པར་དེ་ཤི་བརྒྱུད་ཆུ་བོ་གྷང་ག་དང་འདྲེས་ནས་རྒྱལ་མཚོར་འབབ། བྱང་ཕྱོགས་ནས་འབབ་པའི་ཆུ་བོ་གླང་ཆེན་ཁ་འབབ་ནི་སྟོད་མངའ་རིས་མདའ་པ་དང་། མཐོ་སྡིང་། ཁུ་ནུ་གཞུང་བརྒྱུད་རམ་སྤུར། རྒྱ་གར་པན་འཇབ། པ་ཀི་སི་ཐན་བརྒྱུད་ཨ་རབ་རྒྱ་མཚོར་འབབ། ནུབ་ཕྱོགས་ནས་འབབ་པའི་སེང་གེ་ཁ་འབབ་ནི་མངའ་རིས་སྒར་དང་། ལ་དྭགས་ནས་ཀ་ཤི་མིར་དང་། པ་ཀི་སི་ཐན་བརྒྱུད་ནས་ཨ་རབ་རྒྱ་མཚོར་འབབ། གཞན་ཡང་གདང་ལ་རི་བརྒྱུད་ཀྱི་སྐུ་ལྷ་རྟེན་གདོང་རི་བོའི་ལྷོ་ནུབ་མཚམས་ཀྱི་འཁྱག་རོམ་ལས་འབབ་པའི་འབྲི་ཆུ་ནི་དཀར་མཛེས་དང་། བདེ་ཆེན་སོགས་བརྒྱུད་ནས་རྒྱ་ནག་ཞིང་ཆེན་ཧུའུ་པེ་དང་། ཨན་ཧུའི་སོགས་བརྒྱུད་ཧྲང་ཧེ་རུ་ཤར་གྱི་རྒྱ་མཚོར་འབབ་བཞིན་ཡོད།

མདོ་སྨད་དུ་བ་ཡན་ཧ་རིའི་ཤར་ཕྱོགས་ནས་འབབ་པའི་རྨ་ཆུ་ནི་མགོ་ལོག་དང་། མཛོད་དགེ་སོགས་བརྒྱུད་ནང་སོག་ཏུ་འབབ་པ་དང་། དེ་ནས་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དང་། ཧོ་ནན་ཞིང་ཆེན་སོགས་བརྒྱུད་མཐཪ་ཧྲན་ཏུང་དུ་པའོ་ཧེ་རྒྱ་མཚོར་འབབ་བཞིན་ཡོད་པ་རེད། གཞན་ཡང་དབུས་ཕྱོགས་སུ་སྐྱིད་ཆུ་དང་། ཉང་ཆུ། ཁམས་ཕྱོགས་སུ་རྫ་ཆུ་དང་། ངོམ་ཆུ། ཉག་ཆུ། རྒྱུ་མོ་རྔུལ་ཆུ། མདོ་སྨད་ཕྱོགས་སུ་ཙོང་ཆུ་དང་། ཀླུ་ཆུ།་བཟང་ཆུ། འབྲུག་ཆུ། དགུ་ཆུ་ལ་སོགས་པའི་ཆུ་ཆེན་མང་པོ་དལ་དལ་ལྷོད་ལྷོད་ཀྱིས་རྒྱུ་ཞིང་། ཆལ་ཆིལ་གྱི་རྦ་རླབས་འཕྱོ་བའི་རབ་དཀར་ཟེགས་མ་མཁའ་ལ་འཐོར་བཞིན་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱུན་ཆད་མེད་པར་སེམས་ཅན་མཐའ་དག་ལ་བཏུང་བ་དང་། རྩི་ཤིང་སྐྱེ་དངོས་ཀྱི་རིགས་ལ་གསོན་ཤུགས་ཀྱི་འཚོ་བཅུད་སྦྱིན་བཞིན་མཆིས། དེ་ལྟ་བུའི་ཆུ་བོ་དེ་དག་གང་ནས་གང་དུ་རྒྱུ་བའི་ཡུལ་ལུང་དེ་རྣམས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཡུས་མེད་སྲི་ཞུ་ཇི་ལྟར་སྒྲུབ་པའི་ཚུལ་ལ་བསམ་ན་བྱམས་ལྡན་ཕ་མའི་དཔེ་ཟླར་འོས། ད་དུང་མ་འོངས་པར་དེང་དུས་ཀྱི་རིག་གསར་འཕྲུལ་དཔྱད་དག་དང་། ཆུ་ཀླུང་བཟང་པོ་དེ་དག་ཕན་ཚུན་ཐབས་ཤེས་མཛའ་འབྲེལ་དུ་སྤྱད་ན་འདོད་རྒུ་འཛད་མེད་དུ་འཇོ་བའི་རིན་པོ་ཆེའི་གཏེར་མཛོད་བཟང་པོ་ཞིག་ཏུ་འགྱུར་ངེས་ལགས།

རང་རེའི་ཕ་ཡལ་བསིལ་ལྡན་ཁ་བའི་ལྗོངས་འདིར་དེ་འདྲའི་ཆུ་ཀླུང་བཟང་པོ་མང་དག་ཡོད་པས་མ་ཚད། ཡིད་དུ་འོང་བའི་མཚོ་དང་མཚེའུ་མང་པོ་ཡོད་པ་ནི་གངས་ཅན་གསེར་གྱི་ས་གཞི་གཡུ་ཡིས་ཕྲ་བཏབ་པ་དང་མཚུངས། གཡའ་དག་པའི་མེ་ལོང་བཞིན་དྭངས་ཤིང་གསལ་བའི་བྱང་གི་གནམ་མཚོ་ཕྱུག་མོ་ནི་འཛམ་གླིང་སྟེང་གི་མཚོ་མོ་མཐོ་ཤོས་ཡིན་པ་དང་། མཚོ་ཡི་སྤྱིའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༩༤༠ ཡོད། ཨ་མདོ་ས་ཁུལ་གྱི་མཚོ་ཁྲི་ཤོར་རྒྱལ་མོ་འམ། ཡོངས་གྲགས་སུ་མཚོ་སྔོན་པོའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་༡༦༣༤ཡོད་པ་ནི་གནམ་སྔོན་མོའི་དུམ་བུ་ཞིག་ས་ལ་ལྷུང་བ་དང་མཚུངས། དེ་ནི་རིན་ཆེན་གྱི་གཏེར་མཛོད་གཅིག་དང་། མཚོ་གནས་སྲོག་ཆགས་ཀྱི་བང་མཛོད་ཞིག་ཀྱང་ཡིན། གཞན་ཡང་། སྟོད་མངའ་རིས་ཀྱི་མ་ཕམ་གཡུ་མཚོ། ངང་ལ་རིང་མཚོ། དང་ར་གཡུ་མཚོ། ཟི་ལིང་མཚོ། གཙང་གི་ཡར་འབྲོག་གཡུ་མཚོ། དབུས་ཀྱི་ལྷ་མོ་བླ་མཚོ། ཁམས་ཕྱོགས་ཀྱི་ཡིད་ལྷུང་མཚོ། མདོ་སྨད་ཕྱོགས་ཀྱི་མཚོ་སྐྱ་རིང་དང་། མཚོ་སྔོ་རིང་། དུང་རིའི་མཚོ་ནག་ལ་སོགས་པའི་མཚོ་དང་མཚེའུ་གྲངས་ ༢༠༠༠ ལྷག་ཡོད་པ་དེས་བསིལ་ལྡན་ཁ་བའི་ལྗོངས་ཀྱི་རང་བྱུང་ཁམས་ཆེན་པོར་མཛེས་རྒྱན་སྤྲས་ཡོད། མཚོ་དང་མཚེའུ་དེ་དག་གི་ནང་དུ་ཁྲུང་ཁྲུང་དང་། ངང་པ། ངུར་པ། བྱ་གག ཆུ་སྐྱར། ཆུ་བྱ།  ཉ། སྲམ། རུས་སྤལ་ལ་སོགས་པའི་མཚོ་གནས་སྲོག་ཆགས་བགྲངས་ཀྱིས་མི་ལངས་པ་ཅི་དགར་གནས་ཡོད།

བོད་བྱང་ཤར་ཕྱོགས་སུ་མ་བཅོས་ལྷུན་གྱིས་གྲུབ་པའི་རྩྭ་ཐང་། ཡངས་ཤིང་རྒྱ་ཆེ་བ་རྟ་པས་ཉིན་ཞག་མང་པོ་བགྲོད་དགོས་པ་ཡོད་ཅིང་། མུ་མཐའ་མེད་པའི་རྩྭ་ཐང་དེ་ཚོའི་སྟེང་དུ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ཀྱི་འཛུམ་ཞལ་དགོད་པ་དང་། སྣ་བའི་བཅུད་དུ་སྨིན་པའི་དྲི་བསུང་ཕྱོགས་བཅུར་འཐུལ་བ། གྱ་གྱུར་འབབ་པའི་ཆུ་ཕྲན་གྱི་སྒྲ་དབྱངས་སྙན་མོས་རྩྭ་ཐང་གི་མཛེས་ལྗོངས་དང་། ཡངས་པའི་རྩྭ་ཐང་སྟེང་རང་དབང་བདེ་སྐྱིད་ངང་གནས་པའི་འབྲོག་པ་དང་། ཕྱུགས་རིགས་ཀྱི་འཚོ་བ་ལ་བསྟོད་གླུ་ལེན་བཞིན་རྒྱུ།

གཞན་ཡང་ང་ཚོའི་ཡུལ་ནང་མ་བཅོས་རང་བྱུང་འབྱུང་བའི་ཁམས་ཀྱི་ཆ་རྐྱེན་བཟང་པོ་ཇི་སྙེད་ཅིག་མཆིས་ཏེ། དཔེར་ན། ས་འོག་ཚ་ཆུའི་ཐོན་ཁུངས་རྒྱ་ཆེ་དང་། བོད་བྱང་ཁུལ་དུ་ཤུགས་ཚད་སྙོམས་ཤིང་རྒྱུན་མི་ཆད་པའི་རླུང་གི་ནུས་ཤུགས་ཆེན་པོ་ཡོད་པ་དང་། ཡུལ་ཕལ་མོ་ཆེར་ཉི་མའི་ཚ་དྲོད་ཆེ་ཞིང་ཡུན་རིང་བ་སོགས་ཡོད་པས། བོད་ཡུལ་དེང་དུས་དང་མཐུན་པའི་མཁོ་སྤྱད་ཕུན་སུམ་ཚོགས་པའི་ཡུལ་ཞིག་ཏུ་བསྒྱུར་བའི་ཆ་རྐྱེན་གལ་ཆེན་མང་པོ་ཚང་ཡོད། སྤྱིར་བོད་ནང་སེམས་ཅན་སྒོ་ཕྱུགས་ཀྱི་རིགས། གཡག་དང་། འབྲི། མཛོ། མཛོ་མོ། བ་ཕྱུགས། གླང་། རྟ་དྲེལ། བོང་བུ། ར་ལུག་ལ་སོགས་པ་ཞིང་འབྲིག་གཉིས་ཀས་བསྟེན་སྤྱོད་བྱེད་མོད། འབྲོག་རིགས་ཚོས་འབྲི་གཡག་དང་། ར་ལུག་གཙོ་བོར་གསོ་ཚགས་བྱེད་པ་ཡིན།

བོད་ཀྱི་ཡུལ་དུ་སྔ་དུས་ནས་གཡུང་དྲུང་བོན་གྱི་ཆོ་ག་དང་། རིག་གཞུང་ཇི་སྙེད་ཡོད་པའི་ཁར། བོད་རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་བཟུང་རྒྱ་གར་ནས་སྟོན་པ་སངས་རྒྱས་ཀྱི་ཆོས་རིམ་བཞིན་དར། རྒྱལ་བསྟན་འཛིན་པའི་སྔགས་འཆང་གོས་དཀར་གྱི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་མང་པོ་འཕེལ་བས་བོད་ནང་དགོན་སྡེ་ཆེ་ཆུང་བསྡོམས་ན་སྟོང་ཕྲག་དྲུག་ཙམ་ཡོད། དགོན་སྡེ་དེ་དག་ནང་སྔར་རྒྱ་གར་དང་། བལ་ཡུལ། རྒྱ་ནག་བཅས་ནས་བྱུང་བའི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་དང་། བོད་མི་རིགས་རང་ཉིད་ཀྱི་བློ་གྲོས་ལག་རྩལ་གྱིས་བསྐྲུན་པའི་གསེར་སྐུ། དངུལ་སྐུ། རིན་པོ་ཆེ་སྣ་ཚོགས་བཞུ་བརྟུལ་གྱིས་བཞེངས་པའི་ལི་མ། ཟངས། རག སྨན་འདམ་ལས་བཞེངས་པའི་སྐུ་རྟེན་བྱིན་ཅན་ཆེས་མང་པོ་དང་། ཤིང་ཏ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་མང་པོ། གསེར་དངུལ་མཚལ་སྣག་གིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་དང་། བསྟན་འགྱུར། བོད་ཀྱི་མཁས་པ་རྣམས་ནས་བརྩམས་བྲིས་ལེགས་བཤད་གསུང་རབ་བྲིས་མ་དང་། དཔར་མ་པོད་འབུམ་ཕྲག་མང་པོ་ཡོད། དགོན་སྡེ་དེ་རྣམས་ཀྱི་ནང་དུ་རགས་བརྩིས་རབ་བྱུང་གྲྭ་བཙུན་འབུམ་ཕྲག་ལྔ་ལྷག་དང་། སྔགས་འཆང་ཁྲི་ཕྲག་ལྷག་ཙམ་ནས་ཐོས་བསམ་སྒོམ་པའི་ཉམས་ལེན་བྱེད་བཞིན་དུ་གནས་ཡོད།

གོང་གསལ་ཆོས་བྱེད་གྲྭ་བཙུན་སྔགས་འཆང་རྣམས་ཕུད་པའི་བོད་མི་སྤྱི་བྱིངས་ཕལ་མོ་ཆེ་གཙོ་བོར་ཞིང་འབྲོག་གཉིས་ཀྱི་འཚོ་ཐབས་ལ་སྤྱོད་བཞིན་མཆིས། འབྲོག་པ་རྣམས་ས་མཐོའི་རི་ཀླུང་དང་། སྤང་ལྗོངས་སོགས་རྩྭ་ཆུ་གང་འཛོམས་སར་རེས་སྐོར་བྱས་ཏེ་གནས། འབྲོག་པ་རྣམས་གཡག་རྩིད་ཀྱིས་བཟོས་པའི་སྦྲ་གུར་ནང་སྡོད་པ་དང་། པགས་ཞྭ། དབྱར་ཁ་ཕྱིང་པ་དང་། ཕྱིང་ཞྭ། གཟབ་འཆོར་སྤྲས་དུས་སྣམ་ཕྲུག་རིགས་གྱོན་གྱི་ཡོད། ཟས་ཀྱི་གཙོ་བོ་ནི་ཞོ་དང་། མར་ཕྱུར། ཐུད་སོགས་དཀར་ཕྱུར་གྱི་རིགས་སྤྱི་དང་། ཤ་རིགས་རྩམ་པ་ལ་སོགས་ཡིན། ཉིན་རེའི་ལས་ཀ་ནི་རྟ་ནོར་ལུག་གསུམ་འཚོ་སྐྱོང་དང་། འོ་མ་དཀྲོགས་ནས་མར་ཕྱུར་བཟོས། གཞན་ཡང་སྤུ་རྩིད་མཁལ་འཐག་སོགས་ཁྱིམ་ལས་རྩག་རྩིག་ཡིན་པས་ལས་ཀ་ཉུང་ཞིང་བཟའ་བཏུང་རོ་བཅུད་ཕུན་སུམ་ཚོགས་པོ་ཡོད། ལྷག་པར་དབྱར་དུས་ཀྱི་དཔལ་ཡོན་བཞད་དེ་རྩྭ་ཐང་ཡོངས་སུ་མཛེས་སྡུག་གི་མེ་ཏོག་རྣམ་པར་བཀྲ་བའི་སྐབས་སུ་འབྲོག་པ་རྣམས་ནི་སོས་དལ་བག་ཕེབས་ངང་སྤྲོ་སྐྱིད་གཏོང་བཞིན་ཡོད་པ་ལྟ་བུ་ཡིན། མི་ཚང་ཕྱུག་པོའི་གྲས་ལ་ཁྲི་ལུག་དང་། སྟོང་རྟ་ཡོད་མཁན་མང་པོ་ཡོད། འབྲོག་པའི་ཐོན་སྐྱེད་བལ། རྔ་མ། ཁུ་ལུ། མར་ཕྱུར། ཤ་ལྤགས། བྱང་ཁུལ་ནས་བླངས་པའི་ཚ་སོགས་ཞིང་པའི་ས་ཁུལ་དུ་འཁྱེར་ནས་དགོས་མཁོ་རྩམ་འབྲུ་དང་། སྣམ་ཕྲུག་སོགས་དང་བརྗེ་ཚོང་བྱེད།

ཞིང་པ་རྣམས་ནི་དམའ་སར་ས་རྡོ་ཤིང་གསུམ་གྱི་བསྐྲུན་པའི་ཁང་པར་གནས་སྡོད་བྱེད་པ་དང་། གྱོན་གོས་ནི་བལ་ལས་བསྐྲུན་པའི་སྣམ་ཕྲུག་དང་ཐེར་མ། སྲབ་མཐུག་སྣ་ཚོགས་གྱོན། བོད་ཀྱི་གཤོངས་ས་རྣམས་གནམ་གཤིས་དྲོ་གྲང་སྙོམས་ལ་ས་རྒྱུ་གཤིན་པོ་ཡིན། ས་ཆུའི་མཐུན་རྐྱེན་ལེགས་པས་འབྲུ་རིགས། གྲོ། ནས། སྲན་མ། འབྲས། ཏིལ་སོགས་སྣ་ཚོགས་སྐྱེ། ཟས་ཀྱི་གཙོ་བོར་འབྲུ་རྩམ་རྒྱུན་དུ་སྤྱོད་ཅིང་། གཞན་ཡང་ཤ་མར། འོ་ཞོ། སྔོ་ཚལ་སོགས་འཚོ་བའི་མཐུན་རྐྱེན་འདོད་བློ་ཁེངས་ངེས་ཡོད། ཞིང་འབྲོག་གཉིས་ཀར་གསེར་དངུལ་དང་། གཡུ། བྱུར་སོགས་རྒྱན་ཆའི་རིགས་ཡུལ་ལུང་སོ་སོར་བཟོ་དབྱིབས་འདྲ་མིན་སྣ་ཚོགས་འདོགས་སྲོལ་ཡོད།

བོད་དུ་སངས་རྒྱས་ཀྱི་ཆོས་དར་བའི་ནུས་པ་ལ་བརྟེན་ནས་སྤྱི་བཏང་བོད་མི་ཕལ་མོ་ཆེའི་རང་གཤིས་ཞི་ཞིང་དུལ་བ། འདོད་ཆུང་ཆོག་ཤེས་ལྡན་ཞིང་། རྒན་ལ་ཕུ་དུད་དང་། སྐྱབས་ཡུལ་ལ་བསྙེན་བཀུར། གཞོན་ལ་བྱམས་སྐྱོང་། དམན་ལ་སྦྱིན་གཏོང་། སེམས་ཅན་ཆེ་ཆུང་མང་པོ་ཚེ་ཐར་གཏོང་བ། རྒྱུན་དུ་ཕན་ཚུན་རོགས་སྐྱོར་བྱེད་པ། དུས་ཆེན་སོ་སོའི་སྐབས་དང་། དབྱར་དུས་སྤྲོད་སྐྱིད་གཏོང་བ་དང་། ལྷ་གསོལ། གླུ་གར་འཁྲབ་པ་ལ་དགའ། ལྷག་པར་ལོ་གསར་སྐབས་རྒྱས་སྤྲོས་ཆེན་པོ་བྱེད་སྲོལ་ཡོད།

བོད་ནི་དེང་རབས་ཀྱི་ཚན་རིག་དང་། འཕྲུལ་ཆས་དར་རྒྱས་སོང་བའི་ཡུལ་གཞན་ལྟར་མཁོ་སྤྱད་ཕུན་སུམ་ཚོགས་པོ་མེད་ཀྱང་།  རང་སའི་ཐོན་ཁུངས་ཀྱི་རང་མི་རྣམས་རང་མགོ་ཐོན་ངེས་ཡོད་པ་མ་ཟད། མ་བཅོས་ལྷུན་གྱིས་འགྲུབ་པའི་ཡུལ་གྱི་བཀོད་པ་མཛེས་སྡུག་ལྡན་ལ། གནམ་གཤིས་དྲོ་གྲང་སྙོམས་པ། བརླན་བཤེར་ཆུང་བ། ས་ཆུ་རླུང་གསུམ་ཤིན་ཏུ་གཙང་བས་འགྲོ་བ་མི་དང་། སྲོག་ཆགས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་བ་སྟེར་བའི་རང་བྱུང་གི་གསོ་སྨན་མཆོག་ཏུ་གྱུར་པའི་ཡུལ་ཁམས་ཤིག་ཡིན།།  །།  བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་ནས་འགྲེམས་སྤེལ་གནང་བའི་ཡིད་དུ་ཡོང་བའི་བོད་ཅེས་པའི་དེབ་ལས།

ཐེངས་ 42686 བཀླགས་འདུག