Donate

བཟའ་བཅའི་བདེ་འཇགས་དང་འགྲོ་བ་མིའི་དུས་བསྟུན་གོམས་འདྲིས།

ང་ཚོས་ཉེ་བའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་སྟོན་འབྲས་ཐོན་སྐྱེད་ཀྱི་འབོར་ཚད་ཉམས་རྒུད་དུ་སོང་བ་མཐོང་ཡོད། དེ་ཡང་འདས་པའི་ལོ་ངོ་བརྒྱད་ནས་ལོ་ངོ་དྲུག་གི་ནང་འཛམ་གླིང་གི་འབྲུ་རིགས་ཐོན་སྐྱེད་ཀྱི་འབོར་ཚད་དེ་འཛད་སྤྱོད་པའི་སྤྱོད་སྒོའ་ིཚད་གཞི་ལས་ཚད་དམའ་རུ་སོང་བ་དེས། འབྲུ་རིགས་ཀྱི་རིན་གོང་ཇེ་མཐོར་འཕར་ཏེ། ཕྱི་ལོ་ ༢༠༠༨ ལོར་མཐོ་ཤོས་སུ་བསླེབས་ཡོད། འཛམ་གླིང་གི་མི་འབོར་ལོ་རེའི་ནང་ས་ཡ་ ༧༠ འཕར་བཞིན་པའི་གནས་སྟངས་ལས་འབྲུ་རིགས་ཀྱི་ཐོན་འབོར་ད་དུང་མང་དུ་གཏོང་དགོས་པའི་གནས་སྟངས་དེ། ཛ་དྲག་དང་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད།

ད་དུང་དེའི་ཐོག འབྲུ་རིགས་རྣམས་ཟ་བཅའ་གཅིག་པུར་སྤྱོད་པ་ལས་གཞན་པའི་སྐྱེ་ལྡན་བུད་རྫས་ཐོན་སྐྱེད་ཆེད་བེད་སྤྱོད་གཏོང་དགོས་པ་ལྟ་བུའི་བཀོལ་སྤྱོད་ཀྱི་ཁ་ཕྱོགས་ཀྱང་མང་དག་ཅིག་འགྱུར་བཞིན་ཡོད། འཛམ་གླིང་གི་ཟ་བཅའི་ཐོན་ཚད་བྲི་ཆག་གི་འཕྲལ་མའི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཆུའི་ཐོན་ཁུངས་ཉམས་ཟད་དུ་ཕྱིན་པ་དེ་ཡིན། ས་འོག་གི་ཆུ་གཏེར་འདོན་ཤུགས་ཧ་ཅང་ཆེ་བ་སྟེ། ཞིང་ཆུའི་དོན་དུ་ཁྲོན་པ་ས་ཡ་མང་པོ་བསྔོག་འབྲུ་བྱས་པ་དེས་རྒྱ་ནག་དང་རྒྱ་གར། ཨ་རི་བཅས་འབྲུ་རིགས་ཐོན་སྐྱེད་མཁོ་སྐྲུན་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་གསུམ་ནང་། ད་ཆ་ས་འོག་གི་ཆུ་རིམ་ཚད་དམའ་རུ་ཕྱིན་ཡོད།

རྒྱ་གར་དང་རྒྱ་ནག་གི་འབྲུ་རིགས་སྟོན་ཐོག་གི་བརྒྱ་ཆ་ ༦༠ ནས་ ༨༠ བར་ཞིང་ཆུ་འདྲེན་གཏོང་དགོས་པའི་ཞིང་ས་ཁག་ནས་ཡོང་གི་ཡོད། དམིགས་བསལ་ཆུའི་ཐོན་ཁུངས་རྫོགས་འགྲོ་རྒྱུའི་དཀའ་ངལ་ལ་གདོང་ལེན་བྱེད་
དགོས་ཀྱི་ཡོད། རྒྱལ་ཡོངས་ཀྱི་གྲོའ་ིཐོན་སྐྱེད་ནི་ཐོན་ཁུངས་ཁྱོན་ཡོངས་ནས་ཕྱེད་ལས་བརྒལ་བ་དང་། མ་རྨོས་ལོ་ཏོག་སུམ་ཆ་གཅིག་ཙམ་ཐོན་སྐྱེད་བྱེད་སའི་རྒྱ་ནག་བྱང་ཕྱོགས་ཀྱི་རྒྱ་ཐང་དུ་ས་འོག་ཆུ་རིམ་ཆེས་མགྱོགས་པོར་བྲི་ཆག་འགྲོ་བཞིན་ཡོད། འདིས་སྟོན་ཐོག་གི་ཐོན་ཚད་ཆག་པའི་རྒྱུ་རྐྱེན་བྱས་སྟེ།
ཕྱི་ལོ་ ༡༩༩༧ ལོའ་ིའབྲུ་རིགས་ཐོན་སྐྱེད་མེ་ཏྲིག་ཏུན་(Metric Ton)ས་ཡ་༡༡༡ ཐོན་འབོར་དང་བསྡུར་ན། ཕྱི་ལོ་ ༢༠༠༨ ལོར་མེ་ཏྲིག་ཏུན་ས་ཡ་ ༡༠༣
བར་མར་ཆག་པ་ལྟར་ཡིན། དུས་ཡུན་དེ་རང་གི་ནང་འབྲས་ཀྱི་ཐོན་སྐྱེད་ཀྱང་ཏུན་ ༡༢༧ ནས་ཏུན་ ༡༡ ༩ བར་ཏེ་བརྒྱ་ཆ་ ༦ མར་ཆག་ཡོད། རྒྱ་ནག་གིས་སྲན་སེར་དགོས་མཁོའ་ིབརྒྱ་ཆ་ ༧༠ ཙམ་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱེད་བཞིན་ཡོད་པ་ལྟར། མི་རིང་བར་འབྲུ་རིགས་ཧ་ཅང་འབོར་ཚད་ཆེན་པོ་ནང་འདྲེན་བྱེད་དགོས་ངེས་ཡིན།
ཨ་རིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་ནས་འདོན་སྤེལ་བྱས་པའི་ཉམས་ཞིབ་ལྟར་ན། རྒྱལ་ཁབ་ཁག་ཅིག་གི་ཚན་རིག་པའི་ཚོགས་པ་ཞིག་ནས་ཚ་དྲོད་སེལ་ཤས་གཅིག་མཐོར་རུ་ཕྱིན་ཚེ། དེས་མ་རྨོས་ལོ་ཏོག་དང་། གྲོ། འབྲས་བཅས་ཀྱི་ཐོན་འབབ་བརྒྱ་ཆ་ ༡༠ ཆག་རྒྱུ་ཡིན་པ་ར་སྤྲོད་བྱས་འདུག དེར་མ་ཟད་གནམ་གཤིས་ཚ་དྲོད་འཕར་བའི་དབང་གིས་གངས་འཁྱགས་བཞུར་སྟོངས་སུ་ཕྱིན་པ་དེས་ཀྱང་ཞིང་ལས་ཐོན་སྐྱེད་ལ་ཕུགས་གནོད་ཚབས་ཆེན་ཡོང་ངེས་ཡིན། ཞིང་ལས་ཀྱི་འཚོ་ཐབས་དང་ཟས་རིགས་ཀྱི་བདེ་འཇགས་ཐད་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་གཅིག་ནི། གནམ་གཤིས་ཚ་དྲོད་ཀྱི་གནས་སྟངས་ཙམ་མིན་པར།
ངེས་བརྟན་མེད་པའི་གནམ་གཤིས་ཀྱི་གནས་སྟངས་དེ་ཡིན། ཉམས་ཞིབ་པ་ཁག་གིས་ངེས་བརྟན་མེད་པའི་གནམ་གཤིས་ཀྱི་གནས་སྟངས་འདིས་དཔྱིད་དུས་ཀྱི་ས་བོན་འདེབས་ལས་དང་སྟོན་དུས་ཀྱི་བཙས་མ་བརྔ་བར་གནོད་སྐྱོན་ཡོང་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།
བོད་ཀྱི་ས་ཁུལ་མང་པོའི་ནང་དུས་ཡུན་རིང་པོར་ཟས་རིགས་མི་འདང་བ་དང་དབུལ་ཕོངས་ཀྱི་དཀའ་ངལ་མྱོང་དགོས་པ་བྱུང་ཡོད་ཅིང་།
འདིའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདོན་སྤེལ་བྱས་པའི། “བོད་མིའི་གནས་སྟངས་ཉེན་ཚབས་ཅན་དུ་བསྒྱུར་བ”། ཞེས་པའི་སྙན་ཐོའ་ིནང་བོད་ནས་ཕེབས་པའི་བོད་མི་ཁག་ཅིག་ལ་བཅར་འདྲི་བྱས་ཏེ་སྙན་ཐོར་བཀོད་འདུག རྒྱ་གཞུང་གི་བཟའ་བཅས་འཛད་སྤྱོད་སྐོར་གྱི་ལོ་རེའི་གནས་བསྡུས་དཔྱད་ཞིབ་ཡིག་ཆའི་ནང་བོད་ནང་གི་གྲོང་ཁྱེར་དུ་སྡོད་མི་རྣམས་ལས་ཞིང་འབྲོག་མི་མང་ཚོས་ཁ་ཟས་ལ་ལོངས་སྤྱོད་གང་ཙམ་གྱིས་ཉུང་བ་བྱེད་ཀྱི་ཡོད་པ་བཀོད་ཡོད། བཅའ་ཁྲལ་དང་དངུལ་བུན་གྱི་སྐྱེད་ཀ་ཧ་ཅང་མཐོ་བའི་གནས་སྟངས་ཀྱིས་བོད་མི་རྣམས་སྟོན་ཐོག་གི་ཐོན་འབབ་མི་འདང་བའི་དཀའ་ངལ་ལ་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་བཞིན་ཡོད། དེ་ལས་ཀྱང་ཛ་དྲག་པ་ཞིག་ལ། རྒྱུན་ལྡན་མིན་པའི་ཚད་བརྒལ་གྱི་གནམ་གཤིས་སྡུག་པོས་བོད་ཀྱི་ཞིང་ལས་ཐོན་སྐྱེད་བཟང་བའི་ས་གནས་ཉུང་ཤས་ཁྲོད་ཀྱི་གཞིས་རྩེ་ས་ཁུལ་དང་ལྷོ་ཁ་ས་ཁུལ་ལྟ་བུར་ཡང་བཟའ་བཅས་མི་འདང་པའི་གནས་སྟངས་འབྱུང་བཞིན་ཡོད། སྟབས་མི་ལེགས་པ་ཞིག་ལ་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེ་འགོག་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་ཁག་ཉེན་ཚབས་ཇེ་ཆུང་དུ་གཏོང་བར་ལས་རིམ་མང་ཞིང་དུས་ཡུན་རིང་པོ་འགོར་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཁག་དང་བསྟུན་གནས་བྱེད་རྒྱུར་སྦྱོང་བརྡར་བྱེད་དགོས། ད་དུང་ཕྱིན་ཆད་ནག་རྫས་གློད་གཏོང་གཏན་ནས་མ་བྱས་པའི་དབང་དུ་བཏང་ནའང་། ད་ཡོད་རླུང་ཁམས་ནང་གནས་པའི་ནག་རྫས་ཀྱི་འབོར་ཆ་དེས་ལོ་ངོ་ལྔ་བཅུའི་རིང་དྲོད་ཁང་རླངས་རྫས་ཀྱི་ནོད་སྐྱོན་མུ་མཐུད་ནས་ཡོང་ངེས་ཡིན། ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་མི་འགྲོ་བའི་ཐོག་ནས། གནམ་ཤིས་འགྱུར་ལྡོག་གི་བཟང་ཕྱོགས་ཀྱི་འབྲས་བུའི་དཔེ་མཚོན་ཁག་ཅིག་གཤམ་གྱི་ལེ་ཚན་ནང་ཡོང་རྒྱུ་ལྟར་བེད་སྤྱོད་ལེགས་པོ་གཏོང་རྒྱུ་ནི་ང་ཚོའི་ལག་ཏུ་ཡོད་པའི་ཆེས་རྣམ་དཔྱོད་ལྡན་པའི་ཐབས་བྱུས་དེ་ཡིན། རྒྱལ་སྤྱིའི་གས་སྡེ་མང་པོས་འབྲེལ་ཡོད་སྤྱི་ཚོགས་རྣམས་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱི་གནོད་ཉེན་ཆེ་བའི་གནས་སྟངས་རིགས་འགོག་ཐབས་སུ། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དང་བསྟུན་ཐབས་བྱེད་དགོས་པ་ནན་སྐུལ་བྱེད་ཀྱི་ཡོད།
 

ཐེངས་ 42255 བཀླགས་འདུག