ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་བར་འཚོ་གནས་འབྲེལ་བ་དམ་པོ་ཡོད་པར་བརྗོད་ཡོད།
༄༅། །ནང་པའི་ཆོས་ཀྱི་གཞུང་ནས་ཕྱི་སྣོད་ཀྱི་ཁོར་ཡུག་དང༌། ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་འབྲེལ་བ་དམ་པོ་ཡོད པར་བརྗོད། ཕྲན་གྱི་གྲོགས་པོ་ཁ་ཤས་ནས་འགྲོ་བ་མིའི་རིགས་ནི་དྲག་རྩུབ་ཅན་ཞིག་ཏུ་བརྗོད ཀྱི་འདུག་ཀྱང༌། དེ་ལ་ངོས་ནས་མོས་མཐུན་མེད།རང་རེས་སྟག་དང་འདམ་སེང་ལ་སོགས་པའི་གཅན་གཟན་དེ་ཚོར་ལྟ་ཞིབ་བྱེད་དུས། དེ་དག་ལ་ལྷན་སྐྱེས་སུ་རྣོ་དབལ་ལྡན་པའི་མཆེ་བ་དང་སྡེར་མོ་ཡོད་ལ། སྲོག་ཆགས་སྙོམས་ཆུང་རྣམས་བཟུང་ནས་དེ་ཚོའི་ཤ་ཁྲག་ལོངས་སྤྱད་ནས་འཚོ་གནས་བྱེད་ ཀྱི་ཡོད། ཡང་རི་དྭགས་སྙོམས་ཆུང་སྟེ་ཤྭ་བ་ལྟ་བུར་མཚོན་ན་རྩི་ཤིང་ལ་རོལ་བའི་རི་དྭགས་ཤིག་ཡིན་ཞིང༌། གཅན་གཟན་གཏུམ་པོ་དེ་ཚོ་ལྟ་བུའི་རྣོ་དབལ་གྱི་མཆེ་སྡེར་མེད་པར། རང་བཞིན་ཞི་འཇམ་བག་ཕེབས་དང༌། བྱམས་པ་དང་སྙིང་རྗེ་ལྡན་པ་ཞིག་ཡིན། འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ཐད་ནས་བརྗོད་ན། མི་ནི་སྤྱི་ཚོགས་འདུས་སྡོས་ཀྱིས་གནས་པའི་སེམས་ཅན་ཞིག་ཡིན་པས། ཕན་ཚུན་བྱམས་བརྩེ་དང་སྙིང་རྗེའི་བསམ་བློ་ངེས་པར་དུ་དགོས། མི་སུ་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་དང་ཁ་བྲལ་ན་ཉ་མོ་ཆུ་དང་བྲལ་བ་བཞིན་འཛམ་ གླིང་འདིའི་ཐོག་འཚོ་གནས་ཐུབ་རྒྱུ་ཁག་པོ་ཡིན། དེ་ནི་འཇིག་རྟེན་འདིའི་ཆོས་ཉིད་འབའ་ཞིག་ཏུ་ངེས།
ངོས་རང་འགྲོ་བ་མིའི་ རིགས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་བཟང་པོ་དང་བག་ཡོད་ཚུལ་མཐུན་ཞིག་ཡིན་པར་ཡིད་ ཆེས་ཡོད། ངོས་ཀྱི་བསམ་པར་རང་རེ་མིའི་ཡ་རབས་ཞི་དུལ་གྱི་སྤྱོད་བཟང་འདི་དག་འགྲོ་བ་མི་ ཕན་ཚུན་བར་བརྗོད་པ་ཙམ་མ་ཡིན་པར། རླབས་ཆེན་གྱི་ལྟ་སྤྱོད་འདི་ཕྱིའི་རང་བྱུང་ཁམས་ཀྱི་ཁོར་ཡུག་ཐོག་ལའང་སྤྱོད་ ཐུབ་པ་བྱེད་དགོས་སྙམ། རྣམ་དཔྱོད་ཀྱི་ཐད་ནས་ཀྱང་ང་ཚོས་ངེས་པར་དུ་རང་བྱུང་ཁམས་ཀྱི་ཆགས་ཚུལ་ལ་སེམས་ ཁུར་གྱིས་བདག་སྐྱོང་བྱེད་དགོས། དེ་ལ་གནད་དོན་གལ་ཆེན་པོ་ཞིག་ཡོད་པ་ནི། རྣམ་དཔྱོད་ཁོ་ན་ཙམ་མིན་པར་རང་རེ་འཚོ་གནས་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་ པོ་ཞིག་སྟེ། ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་ང་ཚོ་ད་ལྟའི་མི་ཐོག་འདི་ཙམ་དུ་མ་ཟད། འབྱུང་འགྱུར་གྱི་མི་རབས་རྣམས་ལའང་ཧ་ཅང་གལ་ཆེན་པོ་ཡིན།
དེར་བརྟེན་རང་རེས་ཧམ་སེམས་ཆེན་པོས་ཕྱི་སྣོད་ཀྱི་ཐོན་ཁུངས་ལ་བཤུ་གཞོག་ཚད་ མེད་བཏང་ན། འཕྲལ་སྒང་སྒོར་མོ་ཁ་ཤས་ཀྱི་ཁེ་ཕན་ཡོང་གི་ཡོད་མོད། ཕུགས་ཡུལ་ལ་བསམ་བློ་བཏང་ན་ད་ལྟའི་མི་རབས་ལ་གྱོང་གུན་རག་པ་ཙམ་དུ་མ་ཟད། འབྱུང་འགྱུར་གྱི་མི་རབས་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་པར་ཐེ་ཚོམ་མེད། ཕྱིའི་འབྱུང་ཁམས་འགྱུར་བ་དང་ཆབས་ཅིག་གནམ་གཤིས་ཀྱི་ཚ་ཚད་ཀྱང་འགྱུར་བ་ཡིན། དེས་དཔལ་འབྱོར་དང༌། ཆབ་སྲིད་སོགས་གཞན་མང་པོའི་ཐོག་ཤུགས་རྐྱེན་ངན་པ་ཐེབས་པ་སྨོས་ཅི། ཐ་ན་མིའི་འཕྲོད་བསྟེན་ལའང་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་འབྱུང་ཁམས་ཆ་སྙོམས་ཡོང་བ་བྱ་རྒྱུ འདི་མིའི་སྤྱོད་ལམ་གྱི་གནད་དོན་ཙམ་མིན་པར། རང་རེ་སེམས་ཅན་ཚང་མ་འཚོ་གནས་ཐུབ་དང་མི་ཐུབ་ཀྱི་རག་ལས་སའི་གནས་དོན་འགངས་ཆེན་ཞིག་ཡིན།
རང་བྱུང་གི་ཁམས་སྲུང་སྐྱོབ་བདག་གཉེར་བྱེད་དགོས་ན། ང་ཚོ་ལ་ཞི་བདེ་བག་ཡོད་ཀྱི་ལྟ་བ་ཞིག་སེམས་ཁམས་སུ་ངེས་པར་དུ་དགོས། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བོ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་སྣོད་བཅུད་ལ་བརྩི་མཐོང་མི་བྱེད་པར་ཁོར་ཡུག་གལ་ཆེ་ སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུག་གི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཤེས་སུ་འཇུག་དགོས།
ངོས་ནས་རྒྱུན་དུ་བྱམས་སྙིང་ རྗེའི་སྐོར་ཤུགས་ཆེ་བརྗོད་མུས་ཡིན། ངོས་ནས་སྔོན་ཆད་བརྗོད་མྱོང་བ་ལྟར། ཁྱོད་ཀྱི་རང་གཅེས་འཛིན་གྱི་ལྟ་སྤྱོད་དེ་ཇི་ཙམ་ཤུགས་ཆེ་ནའང༌། ཁྱེད་རང་ད་ལྟ་སྤྱི་ཚོགས་ནང་གཞན་ལ་བརྟེན་ནས་འཚོ་ཞིང་གནས་ཡོད་པས། ཁྱེད་ཀྱི་ཕ་རོལ་པོའི་བདེ་སྡུག་ལ་སེམས་ཁུར་དང་གདུང་སེམས་མཉམ་བསྐྱེད་བྱས་ཏེ་ཕ་རོལ་པོར་ཕན་པ་སྒྲུབ་ཐུབ་ན། ཕ་རོལ་ལ་སྨོས་ཅི། དེས་ཁྱེད་རང་ལའང་ཕུན་སུམ་ཚོགས་པའི་བདེ་སྐྱིད་དང་སྤྲོ་སྣང་ཡོང་རྒྱུ་ཡིན་པ་ ཐེ་ཚོམ་མི་དགོས། གལ་སྲིད་ཁྱེད་ནས་གཞན་དོན་དུ་ལུས་ཀྱི་བ་སྤུ་ཙམ་ཡང་གཡོ་འགུལ་མི་བྱེད་ཅིང༌། ཕ་རོལ་པོའི་བདེ་སྡུག་རེ་འདུན་ལ་བརྩི་བཀུར་དང་སེམས་ཁུར་རྩ་བ་ནས་མ་བྱས་ན། ཁྱེད་ལ་བདེ་སྐྱིད་ཡོང་རྒྱུ་ལྟ་ཞོག ཁྱེད་ཀྱི་ཕྲག་ཐོག་སྡུག་བསྔལ་གྱི་ཁུར་པོ་ལྗིད་པོ་ཞིག་ལྷུང་ངེས་ཡིན། དཔེར་ན། ཁྱེད་ཀྱིས་གཞན་ལ་འཛུམ་པའི་ངོ་གདོང་ཞིག་མི་སྟོན་པར་ཁྲོ་གཉེར་ཁོ་ན་བསྟན་ན། གཞན་གྱིས་དེ་ལན་དེ་འཇལ་བྱ་རྒྱུར་ཐེ་ཚོམ་མེད། དེ་ལྟར་མ་རེད་དམ།
གལ་སྲིད་ཁྱེད་ཀྱིས་ཕ་རོལ་པོར་གཡོ་སྒྱུས་མ་བསླད་པར། དགའ་སྤྲོའི་འཛུམ་བག་དང་བཅས་སྙིང་ཐག་པ་ནས་འབྲེལ་བ་བྱས་ན། ཕ་རོལ་པོས་ཀྱང་དེ་བཞིན་ཁྱེད་ལ་མཛའ་སེམས་དང༌། སྙིང་ཉེ་པོ་བྱེད་ངེས་ཡིན། ངས་རྒྱུན་དུ་གྲོགསཔོ་ཚོར་བརྗོད་རྒྱུ་བྱུང༌། ཁྱེད་ལ་དངུལ་དང་དབང་ཤུགས་ཡོད་དུས། ཆ་མེད་རྒྱུས་མེད་ཀྱི་གྲོགས་པོ་མང་པོ་ཞིག་གིས་ཁྱེད་ལ་གཡས་འདེགས་གཡོན་འདེགས་ བྱེད་ངེས་ཡིན། འོན་ཀྱང་དེ་ལ་ཡིད་བརྟན་རུང་བ་ཅི་ཡང་མེད། རྒྱུ་མཚན་ནི། ནམ་ཞིག་ཁྱེད་རྒྱུ་ནོར་གྱིས་ཕོངས་པ་དང་དབང་ཆ་ཤོར་དུས། དངུལ་དང་དབང་ཐང་ལ་སྲེད་པ་ཅན་གྱི་གྲོགས་པོ་དེ་ཚོ་རྐུན་མ་ལྟར་བྲོས་ནས་གར་སོང་ ཆ་མེད་དུ་འགྲོ་བར་ངེས། དེར་བརྟེན་དངུལ་དང་དབང་ཆ་ཁོ་ནའི་འདོད་པ་ཡོད་པའི་གྲོགས་པོ་དེ་ཚོར་སྙིང་པོ་ཅི་ཡང་མེད། དངོས་གནས་བློ་ཐུབ་ཀྱོ་གྲོགས་པོ་ཞིག་ཡིན་ཚེ། ཁྱེད་ལ་སྐྱིད་སྡུག་གང་བྱུང་ཡང་འགྱུར་བ་མེད་པར་ཁྱེད་གདུང་བས་མནར་སྐབས་སེམས་གསོ་བྱེད་པ། ཁྱེད་ལ་དངོས་གནས་བདེ་སྐྱིད་དང་སྤྲོ་སྣང་བྱུང་སྐབས་སུ་དགའ་འབོད་བྱེད་པ། ཁྱེད་ལ་ཁ་གྲགས་མི་ཐུབ་པའི་སྡུག་བསྔལ་བྱུང་སྐབས་སུ་ཁྱེད་དང་མཉམ་དུ་སྡུག་བསྔལ་མཉམ་འཁུར་བྱེད་པ་ཞིག་དགོས།
འདི་འདྲའི་བློས་ཐུབ་ཀྱི་སྙིང་གྲོགས་ཞིག་འཚོལ་བར་ཁོང་ཁྲོས་ཕན་མི་ཐོགས་ཤིང༌། ཡང་ཤེས་ཡོན་དང་རྣམས་དཔྱོད་ཆེན་པོ་ལྡན་དགོས་པའི་ངེས་པའང་མེད་པར། ཁྱེད་ལ་སེམས་བཟང་དང་གཞུང་དྲང་གི་བློ་ཞིག་ཡོད་ན་དེ་ནི་མཆོག་དམ་པ་ཡིན། བསམ་བློ་ཞིབ་ཏུ་བཏང་ན། ཁྱེད་ལ་རང་གཅེས་འཛིན་གྱི་འདོད་བརྔམས་ཇི་ཙམ་ཡོད་ཀྱང༌། ཧམ་པ་དང་རང་འདོད་ཁོ་ན་མི་བྱེད་པར། སྤྱང་གྲུང་ལྡན་པའི་སྒོ་ནས་གཞན་གྱི་བདེ་སྡུག་ལ་ཡང་བསམ་བློ་ཅུང་ཟད་གཏོང་དགོས། དེས་ན་བརྩེ་སེམས་དང༌། མཛའ་མཐུན། འབྲེལ་ལམ་བཟང་པོ། ཕུ་ནུ་ལྟ་བུའི་འདུ་ཤེས་བཅས་ཀྱི་སྒོ་ཆེན་ཡངས་པོར་འབྱེད་པའི་ལྡེ་མིག་ལྟ་བུའི་ཐབས་སྒོ་ཞིག་མཆིས་པ་ནི་འཇིག་རྟེན་སྤྱིའི་སེམས་ཁུར་ཞེས་པ་འདི་ཡིན།
དེ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང༌། ངོ་མའི་བདེ་སྐྱིད་ཀྱི་རྩ་བ་ཡིན། ང་ཚོ་ད་ལྟའི་མི་རབས་འདིས་བསམ་མེད་ངང་གཙང་པོ་དང༌། ལྗོན་ཤིང༌། གཏེར་རྫས་སོགས་སྣོད་ཀྱི་ཐོན་ཁུངས་ཡོད་ཚད་ལ་ཡ་ང་སྙིང་རྗེ་མེད་པའི་བཤུ་གཞོག་བཏང་ནས་མི་རབས་རྗེས་མ་དང་འབྱུང་འགྱུར་གྱི་ཕྱོགས་ལ་སེམས་ཁུར་བྱེད་མ་ཐུབ་ཚེ། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། གལ་སྲིད་འཛམ་གླིང་འདིའི་མི་ཚང་མའི་སེམས་ནང་དུ་འཇིག་རྟེན་སྤྱིའི་སེམས་ཁུར་གྱི་ཀུན་སློང་རྣམ་དག་ཅིག་ཡོད་ན། ང་ཚོ་ཕྱིའི་ཁོར་ཡུག་བདེ་སྙོམས་དང་མཉམ་དུ་འཚོ་གནས་བྱེདཐུབ་རྒྱུ་མ་ཟད། ཆུང་ས་ནས་བཤད་ན་རང་གི་ནང་མི་ཁྱིམ་ཚང་དང༌། ཆེ་ས་ནས་བཤད་ན་རྒྱལ་སྤྱིའི་བར་ལ་འབྲེལ་ལམ་བཟང་པོ་ཞིག་ངང་གནས་ཐུབ་པར་ཡིད་ ཆེས་ཡོད།
གལ་ཆེའི་དྲི་བ་གཞན་ནི། འདུ་ཤེས་ཞེས་པའམ། ནང་སེམས་ཞེས་པ་འདི་ཅི་འདྲ་ཞིག་ཡིན་པ་དེ་ཡིན། འདས་པའི་དུས་རབས་གཉིས་ཙམ་རིང་ནུབ་ཕྱོགས་པ་ཚོས་ཕྱི་དངོས་པོར་ཞིབ་འཇུག་བྱས་ཏེ་ཚན་རིག་དང་འཕྲུལ་རིག་གི་ཕྱོགས་སུ་ངོ་མཚར་རྨད་དུ་བྱུང་བའི་བྱས་རྗེས་མང་པོ་བསྐྲུན་དང་སྐྲུན་བཞིན་ཡོད། དེང་སང་དངོས་ཁམས་རིག་པའི་ཉམས་ཞིབ་པ་དང༌། དབང་རྩར་བརྟག་ཞིབ་བྱེད་མཁན་ཚོའི་གསུང་སྒྲོས་ལ། ཁོང་ཚོས་རྡུལ་ཕྲན་གྱི་རིགས་ལ་ཞིབ་ཕྲ་བརྟག་དཔྱད་བྱེད་སྐབས། ཞིབ་འཇུག་བྱེད་མཁན་གྱི་ངོས་ནས་ཤུགས་རྐྱེན་ཞིག་ཏན་ཏན་ཡོང་གི་ཡོད་པའི་སྐད་ཆ་འདུག བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ནི་མི་ཡིན་ལ། མིས་དངོས་པོའི་གནས་ལུགས་དེ་དག་ཤེས་རྟོག་ཇི་ལྟར་ཡོང་གི་ཡོད་ཅེ་ན། ཀླད་པའི་དབང་རྩ་མི་འདྲ་བ་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་ཡོད་ཀྱང༌། དེང་གི་ནུབ་ཕྱོགས་ཚན་རིག་པ་ཚོས་ད་བར་དུ་དབང་རྩའི་རྣམ་གྲངས་བརྒྱ་ཕྲག་ཁ་ཤས་ལས་ཤེས་རྟོགས་ཐུབ་མེད། ཁྱེད་ནས་ཡུལ་གྱི་རྣམ་པ་ཤེས་པར་བྱེད་མཁན་དེ། སེམས་དང༌། ཀླད་པ། རྣམ་ཤེས་སོགས་གང་ཞིག་ཏུ་ངོས་འཛིན་བྱེད། ཀླད་པ་དང་སེམས་ཀྱི་བར་དུ་འབྲེལ་བ་ཡོད་པ་མ་ཟད། ནང་སེམས་དང༌། ཕྱི་དངོས་པོའི་བར་ལའང་འབྲེལ་བ་ཆེན་པོ་ཡོད། ངོས་ནས་གནད་དོན་དེ་ཚོ་གལ་ཆེན་པོ་མཐོང་གི་འདུག
གནད་དོན་དེ་ཚོའི་སྐོར་ལ་ནུབ་ཕྱོགས་ཚན་རིག་པ་དང༌། ཤར་ཕྱོགས་གྲུབ་མཐའ་ཚོའི་བར་བགྲོ་གླེང་དང་གྲོས་མོལ་ཞིག་བྱས་ན་སྙམ་པའི་བསམ་ བློ་ཡང་ཡང་འཁོར་གྱི་འདུག གང་ལྟར་ན། ང་ཚོའི་དུས་རབས་འདིར་ཕྱི་དངོས་པོའི་ཡར་རྒྱས་གཏོང་རྒྱུར་མགོ་འཁོར་ནས་ནང་ སེམས་ཡར་རྒྱས་གཏོང་རྒྱུའི་ཐད་འཐུས་ཤོར་ཕྱིན་འདུག འགྲོ་བ་མིའི་དགོས་མཁོ་བསྐོང་བ་དང་སྤྱི་ཚོགས་ཡར་རྒྱས་གཏོང་བའི་ཆེད་ཚན་རིག་ དང་ཕྱི་དངོས་པོའི་ཡར་རྒྱས་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། དེ་དང་མཉམ་དུ་ནང་སེམས་ཀྱི་བདེ་སྐྱིད་དང༌། ཞི་བདེ་ཡང་ཡར་རྒྱས་སུ་གཏོང་དགོས་པ་ཡིན། མཁྱེན་ལྡན་གྱི་སྨན་པས་ཁྱེད་ལ་ཡིད་བདེ་བ་འབྱུང་བའི་སྨན་ཁབ་རྒྱག་རྒྱུ་མེད་ལ། དེང་དུས་ཀྱི་ཚོང་ར་ཆེན་པོའི་ནང་དུའང་ཡིད་ཀྱི་བདེ་བ་འཚོང་རྒྱུ་ག་ལ་ཡོད།
ཁྱེད་ཀྱིས་ཨ་སྒོར་དུང་ཕྱུར་མང་པོ་ཁྱེར་ཏེ་ཚོང་ར་ཆེན་པོར་ཕྱིན་ན། དངོས་པོ་ཁྲ་ཁྲ་ཟིང་ཟིང་སྣ་ཚོགས་ཉོ་རྒྱུ་ཡོད། དེ་གར་སེམས་ཀྱི་བདེ་བ་འཚོང་རྒྱུ་ཨེ་ཡོད་ཅེས་སྐད་ཆ་དྲིས་ན། མི་ཚོས་ཁྱེད་ལ་གད་མོ་དགོད་པ་དང་ཁྲེལ་བགད་བྱ་རྒྱུར་གདོན་མི་ཟ། དེ་མིན། ཁྱེད་སྨན་པའི་སར་བསྐྱོད་ནས་ཡིད་ཀྱི་བདེ་སྐྱིད་ངོ་མ་ཞིག་ཡོང་ཆེད་རྩ་ཁབ་ཅིག་རྒྱག་རོགས་ཞེས་སྐྱབས་འཇུག་ཞུས་ན། དེས་འཕྲལ་སྒང་བདེ་སྣང་སྐྱེ་བའི་སྨན་ནམ་རྩ་ཁབ་ཅིག་རྒྱག་རྒྱུ་ལས། དྲིན་ཆེན་སྨན་པ་དེས་ཁྱེད་ལ་ཡིད་ཀྱི་བདེ་སྐྱིད་ངོ་མ་ཞིག་སྤྲོད་མི་ཐུབ། མཐོ་ས་ནས་དེང་སང་འཕྲུལ་རིག་གི་རྩེ་མོར་སླེབས་པའི་ཀོམ་སྤུ་ཀྲར་གྱིས་ཀྱང་ཡིད་ ཀྱི་བདེ་སྐྱིད་སྤྲོད་མི་ཐུབ། ཡིད་ཀྱི་བདེ་བ་ནི་སེམས་ལས་འབྱུང་བ་ཡིན་ལ། སྡུག་བསྔལ་འདོད་ཅིང་བདེ་བ་མི་འདོད་མཁན་ཞིག་ནམ་ཡང་ཡོང་མི་སྲིད།
ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་གཉིས་བསྡུར་ན། སེམས་ཀྱི་བྱེད་ལས་ཀྱི་འབྲས་བུ་ལྕི་ལ། ཤན་ཞུགསདང་། ནུས་མཐུ་ཆེ་བ་ཞིག་ཡིན་པས། ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་སེམས་ཀྱི་བདེ་སྐྱིད་ཡོང་ཐབས་ལ་འབད་བརྩོན་ བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ཡོང་བར་སེམས་ཀྱི་སྐོར་མང་པོ་ཞིག་ཤེས་དགོས། ང་ཚོས་ཕྱི་སྣོད་ཀྱི་སྲུང་སྐྱོབ་སྐོར་གླེང་སྐབས་དེ་ནི་ཕྱོགས་མང་པོ་ཞིག་དང་ འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཐག་གཅོད་འདྲ་མིན་གང་ཞིག་བྱུང་ཡང་གཞི་རྩའི་འབྱུང་ཁུངས་ནི་སེམས་ཡིན་པས། ང་ཚོར་བྱམས་སེམས་དང་སྙིང་རྗེ། ཕན་ཚུན་གོ་རྟོགས་བཟང་པོ་བཅས་ཀྱི་རྨང་གཞིའི་ཐོག་ནས་འཇིག་རྟེན་སྤྱིའི་སེམས་ ཁུར་ཞེས་པ་འདི་ངེས་པར་དུ་ལྡན་དགོས།། ༎
༧གོང་ས་མཆོག་གིས་ཁོར་ཡུག་སྐོར་བསྩལ་བའི་བཀའ་སློབ་ལས་དྲངས།
ཐེངས་ 42640 བཀླགས་འདུག