དོམ་ཁྲ་ངོ་སྤྲོད།
དོམ་ཁྲ་ནི་འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་བོད་གངས་ཅན་ལྗོངས་མདོ་ཁམས་ས་ཡི་ཐིག་ལེ་ཤར་རྒྱལ་མོ་རོང་དང༌། མུ་ལི། འབྲུག་ཆུ། ཟུང་ཆུའི་ཤར་དུང་རིའི་རྒྱུད་ཀྱི་སྦང་བཟང༌། རང་བྱུང་མཛེས་རྒྱན་གཟི་ཚྭ་སྡེ་དགུ་སོགས་ཤར་ལྷོའི་མཚམས་སུ་མཐོ་ཚད་ལ་མི་ཊར་ ༢༣༠༠ ནས་ ༣༢༠༠ བར་ནགས་ཚལ་གྲོག་རོང་སོགས་སུ་གཙོ་བོ་འཚོ་གནས་བྱེད། སྲོག་ཆགས་འདིའི་འཚོ་བའི་གོམས་གཤིས་ནི་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེད་ཅིང༌། རང་ཉིད་ཀྱི་ཁ་ཟས་དགའ་ཤོས་སྨྱུག་མ་ཡོད་སའི་ས་ཁུལ་ངེས་ཅན་ཞིག་ལ་གཅིག་པུ་འཚོ་གནས་བྱ་རྒྱུ་དགའ།བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་དོམ་ཁྲ་ནི་ལོ་བྱེ་བ་གཅིག་ལྷག་སྔོན་ཤ་ཟན་སྲོག་ཆགས་ཤིག་གི་རིགས་བརྒྱུད་ཡིན་པ་དང༌། ལོ་འབུམ་དྲུག་སྔོན་ནས་ལོགས་སུ་འབྱེད་དེ་དེང་སྐབས་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་རྩི་ཤིང་ལ་འཚོ་བརྟེན་བྱེད་པའི་སྲོག་ཆགས་ཤིག་ཆགས་ཏེ་རིམ་བཞིན་འགྱུར་བ་བྱུང་ཡོད་པ་བཤད་འདུག
ད་དུང་དོམ་ཁྲ་གསོན་པོ་ཐོག་མ་དེ་ཕྱི་ལོ་ ༡༩༣༦ ལོར་གཞི་ནས་འཇུ་བཟུང་ཐུབ་ཡོད་པ་དང༌། འཛམ་གླིང་དུ་སྐད་གྲགས་བྱུང་ནས་ལོ་ངོ་དྲུག་ཅུ་ལྷག་ཡིན་པ་བཤད་འདུག དོམ་ཁྲ་ནི་ཆེས་གདོད་མའི་རྩ་ཆེའི་སྲོག་ཆགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དོམ་ཁྲ་སྤྱིའི་གཟུགས་པོ་རིང་ཚད་ལ་ཕི་ཊི་ ༥་༢ ནས་ ༦་༢ བར་དང༌། མཐོ་ཚད་ལ་ཕི་ཊི་ ༢་༣ ནས་ ༢་༦ བར་ཡོད། རྔ་མ་རིང་ཚད་ལ་སན་ཊི་མི་ཊར་ ༡༠ ནས་༡༥ བར་ཡོད། གཟུགས་པོའི་ལྗིད་ཚད་ལ་སྤྱི་རྒྱ་ ༨༠ ནས་ ༡༢༥ བར་ཡོད། མོའི་ལྗིད་ཚད་ཕོ་ལས་ཅུང་ཆུང༌། དོམ་ཁྲའི་སྤུ་མདོག་ནི་ཆེས་མི་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་སྦྱིན་ཐུབ་པའི་མཛེས་སྡུག་ཡིད་དབང་རབ་ཏུ་འཕྲོག་ཐུབ་པ་ཞིག་ཡོད་པས། སྤྱིའི་ལུས་ཀྱི་སྤུ་མདོག་ནི་ཁྲ་ཁྲ་ཡིན་པ་གང་ཞིག་ལ་མིག་དང་རྣ་ཆོག་སུག་ལག་བཞི་བཅས་ནག་པོ་དང༌། ལྟོ་ངོས་དཀར་པོ་ཡིན།
དོམ་ཁྲ་མོ་ལོ་བཞི་ནས་ལྔ་བར་སླེབས་དུས་གྲུས་རྩ་ལངས་འགོ་ཚུགས་པ་དང༌། ཕོ་ལོ་དྲུག་ནས་བདུན་བར་སླེབས་སྐབས་གྲུས་རྩ་ལངས་ནས་འཁྲིག་སྦྱོར་བྱེད་འགོ་ཚུགས། ལོ་རེའི་དོམ་ཁྲ་གྲུས་རྩ་ལངས་པའི་དུས་སྐབས་ནི་ཟླ་གསུམ་པ་དང་ལྔ་པ་ཡིན་ཞིང༌། དོམ་ཕྲུག་མའི་མངལ་སྦྲུམ་ནང་སྡོད་པའི་དུས་ཡུན་ཟླ་གསུམ་ནས་དྲུག་བར་ཡིན། དོམ་ཁྲ་ཕལ་ཆེ་བའི་དོམ་ཕྲུུག་ལོ་གཅིག་ལ་གཅིག་ཙམ་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་དང༌། དོམ་ཕྲུག་མས་གསོ་སྐྱོང་བྱེད་རྒྱུ་ཆེས་དཀའ་ཚེགས་ཆེ་བ་དང༌། ད་དུང་དུས་ཡུན་ཟླ་བ་གཉིས་ལྷག་བར་མིག་ཕྱེ་ཐུབ་ཀྱི་མེད། ཐོག་མར་སྐྱེ་སྐབས་ཆེས་ཆུང་ཆུང་ཡིན་པས་གྷེ་རམ་ ༡༠༠ ནས་ ༢༠༠ བར་མ་གཏོགས་མེད་པ་མ་ཟད། ལུས་ཀྱི་སྤུ་ཡང་དེ་ཙམ་མེད། སྤྱིར་དོམ་ཁྲ་རྣམས་འཚོ་རྟེན་བྱེད་ས་གཙོ་བོ་སྨྱུག་མ་ཡིན་པས་ཉིན་གཅིག་ལ་སྨྱུག་མ་སྤྱི་རྒྱ་ ༡༠ ནས་ ༡༨ བར་ཟ་དགོས་པ་དང༌། ཉིན་གཅིག་ལ་ཆུ་ཚོད་ ༡༡ ནས་ ༡༤ བར་ཟ་འཐུང་ལ་ལོངས་སུ་སྤྱོད་དགོས་ཀྱི་ཡོད་པས་གསོ་སྐྱོང་བྱེད་རྒྱུ་ཆེས་ཁག་པོ་ཡོད།
དོམ་ཁྲ་ནི་གྲུས་རྩ་ལངས་སྐབས་མ་གཏོགས་ཁེར་རྐྱང་དང་ཁུ་སིམ་པོར་འཚོ་གནས་བྱེད་རྒྱུར་དགའ་པོ་ཡོད་ལ། ཕོ་མོ་སོ་སོར་འཚོ་གནས་ཀྱི་ཁོར་ཡུག་ལ་ཡང་ས་ཁྱོན་གྱི་ཚད་གཞི་ཡོད། དོམ་ཁྲ་དང་གནས་ཡུལ་ཁོར་ཡུག་གཉིས་དབར་ལ་འབྲེལ་བ་ཤུགས་ཆེན་ཡོད་པ་མ་ཟད། ལྷག་པར་དུ་ད་ཕན་བོད་ནང་དོམ་ཁྲ་གནས་ཡུལ་ཁོར་ཡུག་ལ་དོ་ཕོགས་ཚབས་ཆེན་བྱུང་ཡོད་པས། དོམ་ཁྲའི་ཁ་ཟས་སྨྱུག་མ་ལ་ཡང་རང་བཞིན་གྱིས་གནོད་སྐྱོན་བྱུང་ཡོད། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ལས་“དཔེར་ན། ཕྱི་ལོ་ ༡༩༧༥ ལོའི་ནང་རྣམ་འཕེལ་དང༌། འབྲུག་ཆུའི་ས་ཁུལ་ཁག་ནང་སྐྱེས་པའི་སྨྱུག་ཚལ་ལ་ལོ་ལྔ་བཅུ་ནས་བརྒྱད་ཅུའི་བར་གྱི་དུས་འཁོར་རང་བཞིན་གྱི་མེ་ཏོག་བཞད་པ་སྟེ་ཆུ་ཤིང་བསྟན་བཅོསཀྱི་གཞུང་ལས། “སྨྱུག་མའི་ཤིང་གི་རྩེ་མོ་ལ། འབྲས་བུ་ཆགས་པ་ཉམས་པའི་ལྟས་”ཞེས་གསུངས་པ་ལྟར་སྨྱུག་མ་རྣམས་རང་སྐམ་ཐེབས་ཕྱིན་པ་རེད།
སྐབས་དེའི་རང་བྱུང་གནོད་འཚེའི་ནང་དོམ་ཁྲ་གྲངས་ ༡༣༨ ལྷག་ལྟོགས་ཤི་ཐེབས་པའི་གནས་ཚུལ་མྱངས་ཡོད།” ཅེས་འཁོད་ཡོད་པ་དང༌། ལྷག་པར་དུ་དེང་སྐབས་མི་འབོར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་འདི་རང་བྱུང་ཁམས་ལ་གནོད་སྐྱོན་གྱིས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཡང་རང་བཞིན་གྱིས་ཤུགས་རྐྱེན་ཡོང་གི་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་ཞིང་ཆེན་འགའ་ཤས་ནང་དོམ་ཁྲ་སྲུང་སྐྱོབ་ཁུལ་ ༣༣ ཙམ་བཙུགས་ཡོད་པ་དང༌། དེའི་ནང་སྐྱེ་འཕེལ་བྱེད་ས་ཆེ་ཤོས་ཨ་མདོ་རྔ་བ་ཁུལ་འོད་ལུང་ཟེར་བ་ཡིན་པ་དང༌། སྲུང་སྐྱོབ་བྱ་ས་ཆེ་ཤོས་དེ་ཀན་སུའི་ཞིང་ཆེན་ནང་ཡོད་པ་རེད། གོང་དུ་གསལ་བ་ལྟར་དོམ་ཁྲ་འཚོ་གནས་ཆེད་ཁ་ཟས་དང་ཁོར་ཡུག་གི་དཀའ་ངལ་དེ་རང་བཞིན་གྱིས་དཀའ་ངལ་ཞིག་ཡིན་པ་གང་ཞིག་ལ། དེའི་སྒང་ལ་དོམ་ཁྲ་ནི་རྒྱ་མི་དང་རྒྱ་ནག་གཞུང་གི་དཔལ་འབྱོར་འདུ་འགོད་བྱ་སའི་ལག་ཆ་ཞིག་ཆགས་ཡོད།
དཔེར་ན་མི་སྒེར་པ་འགའ་ཤས་ཀྱིས་ཁྲིམས་འགལ་གྱིས་རྔོན་རྒྱག་བྱས་ཏེ་པགས་པ་ཐེ་ཝན་དང་ཉི་ཧོང་སོགས་ལ་ཁྲིམས་འགལ་གྱིས་ཕྱིར་ཚོང་བྱས་ཏེ་ཨ་སྒོར་ ༤༠༠༠༠ ལྷག་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༡༩༨༠ ལོར་ཉི་ཧོང་ནང་དོམ་ཁྲའི་པགས་པ་སོགས་གྲངས་ ༡༥༧ ཙམ་འཇུ་བཟུང་གི་དོན་རྐྱེན་ལྷགས་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག དེ་བཞིན་རྒྱ་ནག་གཞུང་གིས་དོམ་ཁྲ་གསོན་པོ་ཕྱི་རྒྱལ་ཁག་ལ་ཕྱིར་ཚོང་དང༌། བོགས་གཏོང༌། ལག་རྟགས་སོགས་ཀྱི་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པས། ད་ཆར་འཛམ་གླིང་གཅན་གཟན་ཁང་གྲགས་ཅན་ཕལ་ཆེ་བའི་ནང་མཐོང་རྒྱུ་ཡོད། བོགས་གཏོང་ལ་ཨ་སྒོར་འབུམ་ཕྲག་མང་པོ་ལེན་གྱི་ཡོད། དོམ་ཁྲར་འཚོ་བའི་གོམས་གཤིས་དམིགས་བསལ་ཞིག་ཡོད་པས་འཛམ་གླིང་ས་ཆ་གཞན་དུ་སླེབས་སྐབས་ཁ་ཟས་དང༌། གནམ་གཤིས། ཁོར་ཡུག་སོགས་འཕྲོད་ཀྱི་མེད་པས་ཤི་བའི་གནས་ཚུལ་ཡང་ཡོང་གི་ཡོད།
བོད་ཀྱི་དོམ་ཁྲ་ནི་འཛམ་གླིང་ནང་ཆེས་རྩ་ཆེའི་སྲོག་ཆགས་སྟོངས་ལ་ཉེ་བ་ཞིག་ཡིན་པ་དང༌། ད་ཆར་ཕལ་ཆེར་གྲངས་འབོར་ ༡༥༠༠ ཙམ་ལས་མེད་པར་ཚོད་དཔག་བྱེད་ཀྱི་ཡོད། དེ་བཞིན་གཅན་གཟན་ཁང་ནང་ཡོད་པ་ཕུད་པའི་དོམ་ཁྲ་ཕལ་ཆེ་ ༨༠༠ ཙམ་ལས་མེད་པ་ཚོད་དཔག་བྱེད་ཀྱི་ཡོད། བོད་ཀྱི་དོམ་ཁྲའི་གཟུགས་དབྱིབས་ནི་འཛམ་གླིང་བདག་མེད་སྲོག་ཆགས་ཐེབས་རྩའི་ལྷན་ཁང་གི་ལས་རྟགས་སུ་བཀོད་ཡོད། ལྷག་པར་དུ་དོམ་ཁྲ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཟུར་རྒྱན་དང་པོའི་ནང་བཞག་ཡོད།
རྒྱ་ནག་ནང་བདག་མེད་སེམས་ཅན་གྱི་ཁྲིམས་དོན་གཞིར་བཟུང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་པོའི་གྲས་སུ་ཡོད་པ་དང༌། ཡིན་ནའང་སྲུང་སྐྱོབ་དང་གསོ་སྐྱོང་གི་འཐུས་སྒོ་ཚང་བ་མེད་པའི་འཚོ་གནས་ལ་ཉེན་ཁ་དང་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་རེད། རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང༌། རྒྱལ་སྤྱིའི་ནང་ཡོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དོམ་ཁྲ་སྲུང་སྐྱོབ་ཆེད་འགྲོ་གྲོན་ཆེས་མང་པོ་གཏོང་གི་ཡོད་པ་དང༌། དོམ་ཁྲ་འཚོ་གནས་དཀའ་ངལ་དེ་ཕལ་ཆེར་རང་བྱུང་ཁམས་ཀྱི་དཀའ་ངལ་ཞིག་ཡིན་པ་གང་ཞིག་ལ་འཚོ་གནས་ཀྱི་ཁོར་ཡུག་རྒྱ་ཆུང་དུ་འགྲོ་ཡི་ཡོད་པས། སྲུང་སྐྱོབ་ཀྱི་ལས་དོན་བྱེད་རྒྱུ་དཀའ་ཚེགས་ཆེས་ཆེན་པོ་ཡོད་ཅིང༌། རྩ་སྟོངས་སུ་འགྲོ་བའི་ཆེས་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
ཐེངས་ 42528 བཀླགས་འདུག