ཆུ་ཁམས་འཁོར་སྐྱོད།
སའི་གོ་ལའི་ཆུ་དང་ཆུའི་འཁོར་སྐྱོད་ནི་ནམ་ཡིན་ཡང་གཡོ་འགུལ་བའི་རང་བཞིན་དུ་གནས་ཡོད། དེར་ཆུ་ཁམས་འཁོར་སྐྱོད་ཀྱང་ཟེར་ཏེ། ས་འོག་དང་ས་སྟེང་། བར་སྣང་གི་ཆུ་ཡོད་ཚད་རྒྱུན་མི་ཆད་པར་རྒྱུ་སྐྱོད་བྱེད་བཞིན་ཡོད་པ་གསལ་མོད། ཆུ་ཁམས་འཁོར་སྐྱོད་ནི་དངོས་གནས་ཀྱིས་འཁོར་བ་ཡིན་པས་དེར་ཐོག་མ་མེད་ལ་མཐའ་མའང་མེད།
ཆུ་ནི་ཆུ་ཁམས་འཁོར་སྐྱོད་ཀྱི་རྣམ་པ་སྣ་ཚོགས་ནང་གཤེར་མ་དང་རླངས་པ། འཁྱགས་རོམས་སོགས་སུ་འགྱུར་ཆོག་པ་ཡིན་ལ། འགྱུར་རིམ་དེ་ནི་སྐད་ཅིག་མ་ཙམ་ལའང་བར་མ་ཆད་པར་ལོ་གྲངས་ས་ཡ་བྱེ་བ་རུ་བྱུང་དང་འབྱུང་བཞིན་པ་ཡིན། སའི་གོ་ལའི་ཆུའི་ཆ་སྙོམས་ཚད་ནི་དུས་ཀྱི་རྒྱུད་རིམ་ནང་མ་འགྱུར་བར་འདྲ་འདྲ་གནས་ཡོད་ཀྱང་ཆུ་རྡུལ་ཕྲ་རབ་རེ་རེར་མཚོན་ན་བྲེལ་བ་དང་འགྲོ་བ་ཡོད་ལ་ཡོང་བའང་ཡོད། འོན་ཀྱང་སའི་གོ་ལའི་ཆུའི་མང་ཚད་ནི་ནམ་ཡིན་ཡང་འགྱུར་བ་མེད།
གསལ་བཤད།
ཆུ་ཁམས་ཀྱི་འཁོར་སྐྱོད་ལ་འགོ་རྩོམ་པའམ་མཐར་ཐུག་པ་ཟེར་བ་ཞིག་མེད་དང་། ཆུ་ཁམས་སྐོར་པའི་ནུས་ཤུགས་ཡོང་ཁུངས་ནི་ཉི་མས་རྒྱ་མཚོའི་ཆུ་ལ་དྲོད་གཏོང་པས་རྒྱ་མཚོ་ཆུའི་གྲངས་ཚད་འགའ་ཞིག་རླངས་པར་འགྱུར་ནས་བར་སྣང་དུ་འཕྱུར་ཀྱི་ཡོད་ལ། འཁྱགས་རོམས་དང་ཁ་བ་ཡང་ཐད་ཀར་ཆུ་རླངས་སུ་བཙོ་སྦྱང་བྱེད་ཐུབ་པ་ཡིན། ཡར་འཕྱུར་རླུང་རྒྱུན་གྱིས་ཆུ་རླངས་དེ་རླུང་ཁམས་ཆེན་མོའི་ནང་དུ་སའམ་སྐྱེ་དངོས་དག་ལས་འཕྱུར་བའི་རླངས་པ་དང་མཉམ་དུ་ཡར་འདྲེན་པ་ཡིན་ཞིང་། ཆུ་རླངས་དེ་མཐོ་རུ་སོང་ནས་རླུང་དང་འཕྲད་པས་སྤྲིན་པར་འགྱུར་བ་རེད། རླུང་རྒྱུན་གྱིས་སྤྲིན་པ་འཛམ་གླིང་ཡོངས་སུ་དེད་པས། སྤྲིན་གྱི་རྡུལ་རྡོག་ཕན་ཚུན་རྡེབ་ཐུག་བརྒྱབ་པ་དང་འཕེལ་བ་བྱུང་ནས་ཆར་ཆུའི་ཚུལ་དུ་གནམ་ལས་འབབ་པ་ཡིན། ཡང་ཆར་ཆུ་ཁ་ཤས་ནི་གངས་ཀྱི་ཚུལ་དུ་འབབ་པ་ཡིན་པས་དེ་ཡུན་རིང་པོར་གསོག་འཇོག་བྱས་མཐར་འཁྱགས་རོམས་དང་འཁྱགས་ཀླུང་སོགས་སུ་གྲུབ་པ་ཡིན་ལ། ལོ་གྲངས་སྟོང་ཕྲག་མང་པོའི་རིང་དུ་ཆུ་འཁྱགས་སུ་གྱུར་ནས་ཉར་ཚགས་བྱས་ཡོད། སོས་ཀ་སླེབས་པའི་སྐབས་སུ་དྲོད་ཚད་ཇེ་དྲོ་ཡོང་བས་གངས་ཞུ་ཞིང་ས་ངོས་ནས་ཆུ་རུ་བཞུར་བ་ཡིན།
(ཆར་ཆུ་དང་ཁ་བ་སོགས) འབབ་རྒྱུ་མང་ཆེ་ཤོས་ནི་ཡང་བསྐྱར་རྒྱ་མཚོ་ནང་དང་ས་ཐོག་ཏུ་འབབ་པ་ཡིན་ལ། སའི་གོ་ལའི་འཐེན་ཤུགས་ཀྱི་རྐྱེན་གྱིས་ཆུ་དེ་ས་ངོས་ནས་མར་བཞུར། བཞུར་ཆུ་འགའ་ཤས་ཆུ་ཀླུང་དང་མཉམ་དུ་ལུང་པའི་ནང་གི་ཆུ་བོ་སོགས་དང་རྒྱ་མཚོ་ནང་དུ་བཞུར་གྱིན་ཡོད། བཞུར་ཆུ་དང་ས་ནང་གི་འཛིར་ཆུ་གསོག་འཇོག་བྱས་པས་ཚྭ་མེད་མཚོའམ་མཚེའུ་རུ་ཆགས་པ་རེད། བཞུར་ཆུ་ཡོངས་རྫོགས་ཆུ་བོ་སོགས་སུ་རྒྱུག་པ་མ་ཡིན་པར་མང་ཤོས་ཞིག་ས་ནང་དུ་སིམ་འགྲོ་བ་ཡིན། ཡང་ཆུ་འགའ་ཤས་ཞིག་ས་གཏིང་དུ་སིམ་པས་ས་འོག་གི་ཆུ་གསོག་བང་རིམ་དུ་ཁ་སྣོན་ཡོང་བཞིན་ཡོད། ས་འོག་ཆུ་གསོག་བང་རིམ་གྱིས་ཚྭ་མེད་ཆུ་བོངས་ཆེན་ཞིག་ཡུན་རིང་པོའི་བར་དུ་གསོག་འཇོག་བྱེད་ཐུབ། སིམ་ཆུ་འགའ་ཞིག་ས་གཏིང་དུ་མི་འཛིར་བར་ས་ངོས་ཀྱི་ཆུའི་གནས་གཞི་རུ་ས་འོག་ནས་ཐོན་ཡོང་པ་ཡིན།
ས་འོག་གི་ཆུ་འགའ་ཞིག་ས་ངོས་སུ་ཚྭ་མེད་ཆུ་མིག་གི་ཚུལ་དུ་འདོན་ཡོང་པ་ཡིན། ཐོག་མ་མེད་པ་ནས་ཆུ་ནི་བར་མ་ཆད་པར་རྒྱུག་བཞིན་ཡོད་དེ། འགའ་ཞིག་རྒྱ་མཚོའི་ནང་དུ་སླར་འབབ་ནས་ཡང་བསྐྱར་ཆུ་ཁམས་འཁོར་སྐྱོད་དུ་རང་ཤུགས་ཀྱིས་ཞུགས་པའོ།
དེ་དག་གི་རྒྱུད་རིམ་མི་འདྲ་བ་གཤམ་གསལ།
· ཆར་ཆུ་འབབ་པ་ནི་རླངས་གཟུགས་ནས་གཤེར་གཟུགས་སུ་གོང་བུར་འཁེང་ནས་ས་ངོས་སུ་འབབ་པ་དེ་ལ་ཟེར། དེའི་ནང་མང་ཆེ་ཤོས་ནི་ཆར་པའི་ཚུལ་གྱིས་འབབ་པ་ཡིན་ལ། ད་དུང་ཁ་བ་དང་། སེར་བ་དང་། ཟིལ་བ་དང་། གངས་རིལ་དང་གངས་མ་ཆར་སོགས་ཀྱང་ཡོད། ལོ་རེར་ཕལ་ཆེར་ཆར་ཆུ་ལེ་དབར་རྒྱ་དཔངས་གྲུ་བཞི་མ་༥༠༥༠༠༠་ཙམ་འབབ་པ་ཡིན་ཞིང་། དེའི་ནང་ལེ་དབར་རྒྱ་དཔངས་གྲུ་བཞི་མ་༣༩༨༠༠༠་ཙམ་ཞིག་རྒྱ་མཚོའི་ནང་འབབ་ཀྱི་ཡོད།
· བར་སྣང་བཀག་ལེན་ནི་ལྗོན་ཤིང་གི་ལོ་མས་ཆར་ཆུ་སར་འབབ་མ་བཅུག་པར་བཀག་ལེན་བྱེད་པ་དང་དེ་ནས་ཡང་ཡར་རླུང་ཁམས་ཆེན་མོའི་ནང་དུ་རླངས་པར་འཕྱུར་འགྲོ་བ་དེ་ཡིན།
· གངས་ཆུ་ནི་གངས་ཞུ་ནས་རྒྱུག་ཆུ་འབབ་པར་གོ་དགོས།
· བཞུར་ཆུ་ནི་སྐམ་ས་ནས་སྣ་ཚོགས་ཚུལ་གྱིས་རྒྱུ་བའི་བཞུར་ཆུ་ཡིན་ཞིང་། དེར་ས་ངོས་བཞུར་ཆུ་དང་ཆུ་རྒྱུན་འབབ་པ་གཉིས་ཀ་འདུས་ཡོད། བཞུར་བའི་སྐབས་སུ་ཆུ་ས་ནང་དུ་སིམ་པ་དང་། བར་སྣང་དུ་རླངས་པར་འགྱུར་ནས་འཕྱུར་བ་དང་། མཚེའུ་ལ་སོགས་པ་དང་། ཞིང་ནང་དུ་འདྲེན་པའམ་མི་ཡིས་བེད་སྤྱོད་གཏོང་བ་སོགས་ཡིན།
· ཆུ་སིམ་པ་ནི་ས་ངོས་ཀྱི་ཆུ་ས་འོག་གམ་ས་ནང་དུ་སིམ་པ་དེ་ཡིན་ཞིང་། ཆུ་སིམ་འཛུལ་བྱུང་ཚེ་ས་བརླན་གཤེར་དང་ས་འོག་གི་ཆུ་རུ་འགྱུར་བ་ཡིན།
· ས་འོག་བཞུར་ཆུ་ནི་ས་འོག་དང་། ས་འོག་གི་ཆུ་གསོག་བང་རིམ་དང་སིམ་འཛུལ་རིམ་པ་བཅས་ནས་བཞུར་བའི་ཆུ་ལ་ཟེར། ས་འོག་གི་ཆུའང་ས་སྟེང་དུ་ཡོང་ཆོག་པ་དང་། (དཔེར་ན། ཆུ་མིག་རྡོལ་བ་དང་ཆུ་འཐེན་འཕྲུལ་ཆས་ཀྱིས་ཆུ་ཡར་འཐེན་པ་ལྟར་ཡིན།) མ་ཚད་མཐར་རྒྱ་མཚོའི་ནང་དུའང་ཐོན་པ་ཡིན།
· རླངས་འགྱུར་ནི་ཆུའི་གཤེར་གཟུགས་ནས་རླངས་གཟུགས་སུ་འགྱུར་ནས་ས་ངོས་སམ་ཆུ་དངོས་ལས་བར་སྣང་རླུང་ཁམས་ཆེན་མོ་རུ་འཕྱུར་བའི་གོ་རིམ་དེ་ཡིན། རླངས་འགྱུར་གྱི་ནུས་ཤུགས་འབྱུང་ཁུངས་གཙོ་བོ་ནི་ཉི་མའི་འཕྲོ་ཟེར་ཡིན་ཞིང་། ལྗོན་ཤིང་སོགས་ནས་རླངས་པ་འཕྱུར་བའི་ཤན་ཤུགས་ཀྱང་ཡོད། དེ་གཉིས་ལ་ཆེད་དུ་བཏགས་པའི་མིང་གཅིག་སྟེ། རླངས་པ་འཕྱུར་བ་ཟེར་བ་ལ་གོ་དགོས། ལོ་རེ་རེའི་རླངས་པ་འཕྱུར་བའི་གྲངས་ཚད་ཡོངས་ལ་ཕལ་ཆེར་ཆུའི་བོངས་ཚད་ལེ་དབར་རྒྱ་དཔངས་གྲུ་བཞི་མ་༥༠༥༠༠༠་ཙམ་ཡོད་པ་དང་། དེའི་ནང་ལེ་བ་རྒྱ་དཔངས་གྲུ་བཞི་མ་༤༣༤༠༠༠་ཙམ་ཞིག་རྒྱ་མཚོ་ནས་འཕྱུར་བ་ཡིན།
· བཙོ་སྦྱང་ནི་སྲ་གཟུགས་ཀྱི་ཆུ་(འཁྱགས་དང་ཁ་བ་)ཐད་ཀར་ཆུ་རླངས་སུ་འགྱུར་བའི་ངང་ཚུལ་དེ་ཡིན།
· སྙོམས་རྒྱུག་ནི་སྲ་གཟུགས་དང་གཤེར་གཟུགས་དང་རླངས་གཟུགས་ཀྱི་ཆུ་རླུང་ཁམས་ཆེན་མོའི་ནང་ནས་འགུལ་སྐྱོད་བྱེད་པ་དེ་ལ་ཟེར། གལ་ཏེ་སྙོམས་རྒྱུག་བང་རིམ་མེད་པ་ཡིན་ན། རྒྱ་མཚོ་ལས་འཕྱུར་བའི་རླངས་པ་སྐམ་སའི་སྟེང་དུ་ཆར་ཆུར་བཞིན་འབབ་མི་ཐུབ་བ་རེད།
· གོང་བུར་འཁེང་བ་ནི་བར་སྣང་གི་ཆུ་རླངས་དེ་གཤེར་ཆུ་ཐིགས་འགྱུར་ནས་སྤྲིན་པ་དང་སྨུག་པ་བྱུང་བའི་འགྱུར་རིམ་དེ་ལ་ཟེར།
ཆུ་གསོག་ཚུལ།
༄༅། །ཆུ་ཁམས་འཁོར་སྐྱོད་ཀྱི་ཆུ་མཛོད་དུ་གསོག་འཇོག་བྱེད་པའི་ཆུའི་བོངས་ཚད། |
||
ཆུ་མཛོད། |
ཆུའི་བོངས་ཚད། |
ཁྱོན་བསྡོམ་གྱི་བརྒྱ་ཆ། |
རྒྱ་མཚོ། | ༡༣༧༠ | ༩༧་༢༥ |
འཁྱགས་རོམ་དང་འཁྱགས་ཀླུང་། | ༢༩ | ༢་༠༥ |
ས་འོག་གི་ཆུ། | ༩་༥ | ༠་༦༨ |
མཚོ་དང་མཚེའུ། | ༠་༡༢༥ | ༠་༠༡ |
ས་བརླན་གཤེར་ཅན། | ༠་༠༦༥ | ༠་༠༠༥ |
རླུང་ཁམས་ཆེན་མོ། | ༠་༠༡༣ | ༠་༠༠༡ |
ཆུ་ཕྲན་དང་ཆུ་བོ། | ༠་༠༠༡༧ | ༠་༠༠༠༡ |
སྐྱེ་དངོས་ཀྱི་ཁོངས། | ༠་༠༠༠༦ | ༠་༠༠༠༠༤ |
ཆུ་མཛོད།
ཆུ་ཁམས་འཁོར་སྐྱོད་ཀྱི་ཁོར་ཡུག་ནང་། ཆུ་མཛོད་ཞིག་གིས་ཆུའི་གསོག་འཇོག་གི་པང་རིམ་མི་འདྲ་བ་མང་པོ་མཚོན་ཐུབ། ཆུ་མཛོད་ཆེས་ཆེ་ཤོས་ནི་རྒྱ་མཚོ་ཡིན་ཞིང་། དེར་ཕལ་ཆེར་སའི་གོ་ལའི་ཆུའི་བརྒྱ་ཆ་༩༧་ཙམ་སོགས་ཡོད། དེའི་མཚམས་ཀྱི་ཆུ་མཛོད་ཆེ་ཤོས་ནི་སྲ་གཟུགས་སུ་འཛིན་པའི་ཆུ་སྟེ་འཁྱགས་གླིང་དང་འཁྱགས་ཀླུང་ཡིན།
དེར་སའི་གོ་ལའི་ཆུའི་བརྒྱ་ཆ་༢་ཙམ་ཡོད་ཅིང་། བརྒྱ་ཆ་ཆུང་ངུ་འདིས་གོ་ལ་སྟེང་གི་ཚྭ་མེད་ཆུའི་བརྒྱ་ཆ་༧༥་ཙམ་ཟིན་ཡོད་མོད། སྐྱེ་ལྡན་ཕུང་པོ་ཀུན་དུ་ཡོད་པའི་ཆུའི་གྲངས་ཚད་ནི་ཆེས་ཉུང་ཤོས་སམ་ཆུང་ཤོས་ཀྱི་ཆུ་མཛོད་ཡིན་ནོ།།
ཚྭ་མེད་ཆུ་མཛོད་ཀྱི་ཆུའི་བོངས་ཚད་ནི་གལ་ཆེ་བའི་ཆུའི་ཐོན་ཁུངས་ཡིན་པར། དེའི་ནང་ནས་མི་ཡིས་སྤྱོད་ཆོག་པ་ནི་དེ་ལས་ཀྱང་གལ་ཆེ།
གནས་ཡུན།
ཆ་མཉམ་གྱི་ཆུ་མཛོད་ཀྱི་གནས་ཡུན། |
|
ཆུ་མཛོད། |
ཆ་མཉམ་གནས་ཡུན། |
རྒྱ་མཚོ། |
ལོ་གྲངས་༣,༢༠༠ |
འཁྱགས་ཀླུང་། |
ལོ་གྲངས་༢༠ ནས་ ༡༠༠ བར |
དུས་ཚིགས་ཀྱི་ཁ་བ་ཆགས་པ། |
ཟླ་བ་༢ ནས ༦ བར་ |
ས་བརླན་གཤེར་ཅན། |
ཟླ་བ་༡ ནས་ ༢ བར། |
གཏིང་ཐུང་གི་ས་འོག་ཆུ། |
ལོ་གྲངས་༡༠༠ ནས ༡༠༠ བར |
གཏིང་རིང་གི་ས་འོག་ཆུ། |
ལོ་གྲངས་༡༠,༠༠༠ |
མཚོ་དང་མཚེའུ། མཚོ་དང་མཚེའུ། |
ལོ་གྲངས་༥༠ ནས་༡༠༠ བར |
ཆུ་ཀླུང་། |
ཟླ་བ་༢ ནས ༦ བར། |
རླུང་ཁམས་ཆེན་མོ། |
ཞག་མ་ ༩
|
ཆུ་ཁམས་འཁོར་སྐྱོད་ནང་གི་ཆུ་མཛོད་ཀྱི་གནས་ཡུན་ནི་ཆུ་མཛོད་ནང་དུ་ཆུ་རྡུལ་ཕྲ་རབ་རེ་རེའི་ཆ་སྙོམས་གནས་ཡུན་དེ་རེད།
ཟུར་གྱི་རེའུ་མིག་ལ་ལྟོས། ཆུ་འགའ་ཤས་ཆུ་མཛོད་དུ་ཡུན་རིང་གནས་པ་དང་འགའ་ཤས་ཡུད་ཙམ་མ་གཏོགས་མི་གནས་པས།
འདི་ནི་ཆ་སྙོམས་བྱས་ནས་རྩིས་ཡོད།
ས་འོག་གི་ཆུ་ས་འོག་ཏུ་ལོ་ཁྲི་ཕྲག་གི་རིང་དུ་མི་འབུད་པར་གནས་ཆོག་པས། ཡུན་རིང་གི་ས་འོག་ཆུ་ལ་ཆུ་རྒན་ཞེས་མིང་བཏགས་ཡོད། སའི་ནང་གི་ཆུ་ནི་ས་གཞི་ཡོངས་ལ་སྲབ་པོས་འགྲེམས་ཡོད་པས་ས་སྲིང་དུ་ཡུད་ཙམ་གྱི་ཡུན་ལ་གནས་ནས། རླངས་པ་འགྱུར་བ་དང་འཕྱུར་བ། ཆུ་ཀླུང་དུ་འབབ་པ། ས་འོག་ཏུ་སོགས་པ་བཅས་ཀྱི་སྒོ་ནས་འགྲོ་བའོ།། ཆུ་རླངས་པར་འཕྱུར་ནས་མཁའ་དབྱིངས་སུ་ཞག་མ་དགུ་ཙམ་གནས་རྗེས་དེ་གོང་བུར་འཁེང་པས་མར་སའི་ཐོག་ཏུ་ཆར་ཆུའི་ཚུལ་དུ་འབབ་པའོ།།
ཆུ་ཁམས་རིག་པའི་ནང་། གནས་ཡུན་ནི་ཐབས་ལམ་གཉིས་ཀྱི་སྒོ་ནས་ཚོད་བརྩི་བྱེད་ཆོག་སྟེ། ཅུང་ཐུན་མོང་ཡིན་པའི་ཐབས་ལམ་ནི་དངོས་པའི་གྲངས་ཚད་མི་འགྱུར་པའི་ཆོས་ཉིད་ལ་བརྟེན་པ་དང་ཆུ་མཛོད་གཅིག་གི་ནང་དུ་ཆུའི་གྲངས་ཚད་ཕལ་ཆེར་འདྲ་བ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད། ཐབས་ལམ་འདིས་གནས་ཡུན་ནི་ཆུ་མཛོད་དུ་ཆུ་ཡར་འཛུལ་བ་དང་མར་འབབ་པའི་བསྡུར་ཚད་ཀྱིས་ཆུ་མཛོད་ཀྱི་བོངས་ཚད་བགོ་བ་ཡིས་ཚོད་དཔག་བྱེད་པ་དང་། རིགས་པའི་གཞུང་ལུགས་ལྟར་ན། འདི་ནི་ཆུ་མཛོད་གཅིག་ཆུ་མར་མ་སོང་བར (ཆུ་ཡར་མི་འཛུལ་བ)་སྟོང་པ་ནས་གང་བའམ་གང་བ་ནས་སྟོང་བའི་བར་ཀྱི་དུས་ཚོད་རྩི་བ་དང་མཚུངས།
ཐབས་ལམ་གཞན་པ་དེ་ནི་གནས་ཡུན་ཚོད་རྩི་བྱེད་པ་སྟེ། དར་རྒྱས་འགྲོ་བཞིན་པའི་གནས་མཐུན་རྒྱུའི་ལག་རྩལ་གྱིས་ས་འོག་ཆུའི་ལོ་གྲངས་རྩི་བ་དེ་ཡིན། འདི་ཆུ་ཁམས་ཀྱི་གནས་མཐུན་མཐུན་རྒྱུའི་ནང་གསེས་སུ་གསལ་ཡོད།
ཡོང་ཁུངས་བོད་ཀྱི་སྐྱེ་ཁམས་དྲ་བ།
ཐེངས་ 42393 བཀླགས་འདུག