Donate

གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོར་གྱུར་ནས་མདོ་དབུས་མཐོ་སྒང་གི་”དྲོད་གཤེར་རང་བཞིན”ཇེ་དྲག་བཟོས་པ།

ཞིན་ཧྭ་གསར་འགྱུར་ཁང་གིས་ལྷ་ས་རུ་ཟླ་༧པའི་ཚེས༡༥ཉིན་བསྒྲགས་རྒྱུར། ཡར་སྔོན་ལྷ་སར་རྒྱུན་དུ་ནམ་གུང་ཆར་བབས་ནས་ཉིན་མོར་གནམ་ཐང་བ་རེད། ད་ལྟ་ཉིན་བསྟུད་མར་ཆར་ཟིམ་ཟིམ་རྒྱུན་མི་ཆད་པར་བབས་ནས་ཅང་ནན་གྱི་སྲོལ་ལྟ་བུར་ཆགས་ཡོད། ཡར་སྔོན་ས་འདིའི་མི་རྣམས་ཀྱིས་ལྭ་བ་མཐུག་པོ་གྱོན་ནས་དབྱར་བསྐྱལ་བ་རེད། ད་ལྟ་གྱོན་པ་བརྗེ་ནས་སྟོད་ཐུང་དང་རྐང་སྣམ་ཐུང་ཐུང་གྱོན་ཡོད། ཡར་སྔོན་མཚེའུ་ཚདདྲག་པོར་འཁུམ་ཡོད་པ་རེད། ད་ལྟ་འཛེམ་མེད་དུ་རྒྱ་བསྐྱེད་ནས་ཕྱུགས་ར་བསྣུབས་པའི་ཚད་ལ་སླེབས་ཡོད། སྣང་ཚུལ་སྣ་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་”དྲོད་གཤེར་རང་བཞིན”ཇེ་དྲག་ཏུ་གྱུར་བ་མཚོན་ཞིང་། རྣམ་པ་དེ་འདྲ་བསྐྲུན་པའི་རྒྱབ་ཕྱོགས་ཀྱི་”སྐུལ་འདེད་མཁན”ནི་གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོར་གྱུར་བར་རག་ལས་བར་བཤད།

སྔོན་ཆད་”མཐོ་ཡང་འཁྱག་གྲང་བཟོད་དཀའ”བའི་མདོ་དབུས་མཐོ་སྒང་ནི་གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོར་གྱུར་བའི་མཚོན་བྱེད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྲས་ཀྱི་གཅིག་ཏུ་གྱུར་ཡོད། ཆེད་མཁས་པས་བསྟན་དོན། འཕྲེད་ཐིག་མཐོ་ས་དང་མཚོ་ངོས་ལས་མཐོ་ཚད་མཐོ་བའི་ས་ཁུལ་ལ་གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོར་གྱུར་བའི་རྒྱུ་རྐྱེན་གྱིས་ལྷག་ཏུ་ཤུགས་རྐྱེན་ཐེབས་སླ་ཞིང་། མདོ་དབུས་མཐོ་སྒང་གོ་ལ་ཧྲིལ་བོའི་འཕྲེད་ཐིག་གི་དཀྱིལ་ངོས་ས་ཁུལ་གྱི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ཁྱབ་ཁོངས་སུ་གནས་ཡོད་པའི་ཆ་ནས། གོ་ལ་ཧྲིལ་བོའི་ནམ་ཟླ་ཇེ་དྲོར་གྱུར་བ་ཡིས་ཤུགས་རྐྱེན་ཐེབས་པ་མངོན་གསལ་ཆེ་ཞེས་བཤད།

བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཡར་སྔོན་བསྒྲགས་པའི་《བོད་ལྗོངས་གྱི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་བརྟག་དཔྱད་སྤྱི་བསྒྲགས》སུ། འདས་ཟིན་པའི་དུས་རབས་ཕྱེད་ཀའི་ནང་། བོད་ལྗོངས་ས་ངོས་དཔྱད་ཆས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ལོ༡༠ནང་ཆ་སྙོམས་ཀྱིས་༠.༣༡℃ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་མཐོ་བ་མཚོན་ཡོད་པ་རེད། ཀྲུང་གོ་ཚན་རིག་གླིང་གིས་བསྟན་དོན། མདོ་དབུས་མཐོ་སྒང་གི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧ་ཅང་དམའ་དྲགས་པའི་དོན་རྐྱེན་བསྟུད་མར་མངོན་གསལ་གྱིས་མར་ཆག་པ་དང་། དྲོད་ཚད་ཧ་ཅང་མཐོ་དྲགས་པའི་དོན་རྐྱེན་བསྟུད་མར་ཡར་འཕགས་བཞིན་ཡོད་པ་བསྟན།

དྲོད་ཚད་རྒྱུན་ཆད་མེད་པར་ཡར་འཕགས་པ་དང་དུས་མཉམ་དུ། བོད་ལྗོངས་ཀྱི་ཉེ་བའི་ལོ་འགའི་རིང་གི་ཆར་འབབ་ཚད་ཀྱང་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན། བོད་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཏུའུ་ཅོན་གྱིས་བཤད་རྒྱུར། འདས་ཟིན་པའི་དུས་རབས་ཕྱེད་ཀའི་ནང་། བོད་ལྗོངས་ཀྱི་ཆར་འབབ་ཚད་རིམ་རྩིས་བྱས་ན་ཧའོ་སྨི༣༣གྱིས་ཇེ་མང་དུ་གྱུར་ཡོད་པ་དང་། ཐད་ཀའི་རྣམ་པར་བལྟས་ན། ལྷ་སར་ཉེ་ལམ་བསྟུད་མར་ཆར་འབབ་པའི་རྣམ་པས་མི་རྣམས་ལ་ཅང་ནན་གྱི་ཆར་སིམ་བབས་བའི་ཚོར་སྣང་སྟེར། བརྟག་དཔྱད་རྒྱུ་ཆ་ལྟར་ནའང་། ལྷ་སའི་གཟའ་འཁོར་སྔོན་མའི་ཉིན་འགའ་ཤས་རིང་གི་ཆར་འབབ་ཚད་ཧའོ་སྨི༨༠ལ་སླེབས་ཡོད་པས། དུས་མཚུངས་ལོ་རྒྱུས་དང་བསྡུར་ན་ལྡབ༣གྱིས་འཕར་ཡོད་ཅེས་བཤད།

ལན་གྲུ་སློབ་གྲྭ་ཆེན་མོའི་མཁའ་དབུགས་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཁྲིན་ཧེ་ཡིས་བསྟན་དོན། བོད་ལྗོངས་ཀྱི་དྲོད་ཚད་ཡར་འཕགས་པ་དང་ཆར་འབབ་ཚད་ཇེ་མང་དུ་གྱུར་བ་དེས་རྩྭ་མང་དུ་སྐྱེས་པ་དང་མཁའ་དབུགས་ལྷག་ཏུ་བརླན་གཤེར་ཅན་དུ་འགྱུར་བར་ཕན་ཐོགས་པ་མ་ཟད། མིའི་ལུས་པོའི་བདེ་ཐང་གི་ཚད་ཇེ་མཐོར་གཏོང་ནུས་ཤིང་། མཐོ་སྒང་གི་ཡུལ་ལྗོངས་ལ་ལྷག་ཏུ་མཛེས་ཉམས་དོད་པར་ཕན་པར་བཤད། ད་དུང་ཆེད་མཁས་ཀྱིས་བསྟན་དོན། ཞིང་ཕྱུགས་ལས་རིགས་ལ་མཚོན་ན། ནམ་ཟླ་ཇེ་དྲོར་གྱུར་ཚེ་རྩྭ་སྐྱེས་པར་ཕན་ཞིང་། རྩྭའི་ཐོན་ཚད་ཇེ་མང་དང་སྒོ་ཕྱུགས་ཆུང་ཆུང་གི་གསོན་ཚད་མཐོར་འདེགས་སུ་གཏོང་ཐུབ་པར་བཤད།

འོན་ཀྱང་ནམ་ཟླ་ཇེ་དྲོར་གྱུར་བ་ཡིས་བཟོས་པའི་ངན་འབྲས་ཀྱིས་མི་རྣམས་ལ་སེམས་ཁྲེལ་ཡང་བསྐྱལ་འོང་། ཆེས་ཐད་ཀར་གྱི་ཤུགས་རྐྱེན་ནི་ས་དྲོས་བ་དེ་རེད། འདས་ཟིན་པའི་ལོ་ངོ་༣༠རིང་། མདོ་དབུས་མཐོ་སྒང་གི་ལོ་མང་པོའི་རིང་གི་ས་འཁྱག་གིས་བསྡམས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༢༤ཇེ་ཆུང་དུ་གྱུར་ཞིང་། ལོ་མང་པོར་ས་ངོས་འཁྱག་གིས་བསྡམས་པའི་འགུལ་སྐྱོད་རིམ་པ་ཚད་མི་འདྲ་བར་ཇེ་མཐུག་ཏུ་གྱུར་བ་དེས། མཐོ་སྒང་གི་གཞུང་ལམ་མི་ཉུང་བའི་ས་ངོས་འཁྱག་གིས་བསྡམས་པ་ཡིས་བཟོས་པའི་གནོད་འཚེ་ཇེ་ཆེར་བཏང་བ་རེད། སྐྱེལ་འདྲེན་བྱེད་མཁན་གྱི་ཁ་ལོ་བ་མང་པོས་ལམ་ངོས་ཀྱག་ཀྱོག་གི་གནས་ཚུལ་ཇེ་གསལ་ནས་ཇེ་གསལ་ཡིན་པར་བཤད།

ཡོང་ཁུངས་ཀྲུང་གོའི་བོད་ལྗོངས་ཟེར་བའི་གསར་འགྱུར་དྲ་ཚིགས་ལས་དྲངས། 

 

ཐེངས་ 42355 བཀླགས་འདུག