གཟིག་ངོ་སྤྲོད།
སྲོག་ཆགས་གཟིག་ནི་ཕལ་ཆེ་བ་ཨེ་ཤི་ཡ་དང་ལྷོ་ཨ་ཧཕི་རི་ཁའི་གླིང་ཆེན་གཉིས་ནང་འཚོ་གནས་བྱེད་ཀྱི་ཡོད། ཨ་ཧྥི་རི་ཁ་ཡུལ་གྱི་གཟིག་དེའི་མིང་ཅི་ཏི་ཟེར་ཞིང་དེ་སྤུ་མདོག་ཡང་ཨེ་ཤི་ཡའི་ནང་ཡོད་པའི་གཟིག་ལས་སྐྱ་ཤས་ཆེ་ཙམ་དང༌། རྐང་པ་དང་གཟུགས་པོ་ཅུང་རིང་ཤས་ཆེ་ཙམ་ཡོད། ཨེ་ཤི་ཡའི་ནང་ཡོད་པའི་གཟིག་ནི་རྒྱ་གར་དང་རྒྱ་ནག་གཉིས་ལ་གྲངས་འབོར་མང་ཤོས་ཡོད་པ་ངོས་འཛིན་བྱས། བོད་ལ་གསའ་འམ་གངས་གཟིག་དང་གུང་གཟིག གཟིག་ཐིག་ཆེན་ནམ་གཟིག་ཆེན། གཟིག་ཞུམ་སོགས་འཚོ་གནས་བྱེད་ཀྱི་ཡོད་ཅིང༌། དེ་དག་མང་ཆེ་བ་བོད་ས་སྟོད་སྨད་བར་གསུམ་ལ་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། དཔེར་ན་གཟིག་ཆེན་ནི་གྲོ་མོ་དང༌། ལྷོ་ཁ། སྨར་ཁམས། རྫ་ཡུལ་སོགས་དང༌། གཟིག་ཞུམ་ནི་སྐྱིད་གྲོང༌། ལྷོ་རོང༌། གྲོ་མོ། འཇོ་མདའ། སྟེང་ཆེན། སོགས་སུ་གནས་ཤིང༌། དེ་བཞིན་གསའ་དང་གཟིག་ནི་བོད་ཀྱི་ས་གང་སར་ཡོད་པ་རེད། གཟིག་ལ་རིགས་མི་འདྲ་བ་ནང་གསེས་མང་པོ་ཡོད་པས། དེ་དག་ནི་གཟིག་ཆེན་ནམ་གཟིག་ཐིག་ཆེན་དང༌། གངས་གཟིག་འམ་གསའ། གཟིག་དམར། གཟིག་གྲོ་ཐིག་མ། ཞིམ་གཟིག གཟིག་ནག གུང་གཟིག་སོགས་ཡོད་པ་དང༌། གཟིག་ནི་འོ་འཐུང་དང༌། ཤ་གཟན། སྡེར་མོ་ཅན་གྱི་ཁོངས་སུ་གཏོགས། གཟིག་གི་སྤྱིའི་ལུས་ཀྱི་རིང་ཚད་ལ་ཕི་ཊི་ ༡་༢ ནས་ ༡་༥ བར་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༦༠ ནས་ ༧༠ བར་ཡོང་གི་ཡོད་པས་སྤྱིར་གཟུགས་ཚད་སྟག་ལས་ཅུང་ཆུང༌། གཟིག་གི་རྔ་མ་ཨིན་ཅི་ ༣༩ ཙམ་དང༌། རྔ་མའི་ཐིག་རིས་ཀྱང་ལུས་ཀྱི་ཐིག་རིས་དང་འདྲ་མཚུངས་ཡིན།
གཟིག་ནི་གཅན་གཟན་རིགས་ཀྱི་ནང་ནས་ཆེས་མགྱོགས་ཤོས་ཡིན་པས་ཕལ་ཆེར་ཆུ་ཚོད་རེར་སྤྱི་ལེ་ ༦༠ ལྷག་རྒྱུག་ཐུབ་ཀྱི་ཡོད། མཆོང་རྩལ་དང་ལྡེམ་མྱུར་ཡང་ཆེས་ཆེན་པོ་ཡོད། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་“འཇིག་རྟེན་ཐོག་རྐང་བཞིས་འགྲོ་བའི་སྲོག་ཆགས་ཆེ་གྲས་ཀྱི་ནང་ནས་མགྱོགས་ཚད་ཨང་དང་པོར་སླེབས་ཡོད་”ཅེས་གསལ་ཡོད་པ་རེད། སྤྱིར་ལུས་ཀྱི་སྤུ་མདོག་སེར་སྐྱ་དང་དེའི་ཐོག་ལ་ཐིག་རིས་ནག་པོ་ཡོད། བྲང་གཞུང་དང་ལྟོ་བའི་ངོས་སུ་ཐིག་རིས་མེད་པས་སྤུ་མདོག་ཅུང་དཀར་ཙམ་ཡོད། གཟིག་རྣམས་རྒྱུན་དུ་ཤིང་སྡོང་སྒང་ལ་འཛེག་རྒྱུར་དགའ་ཞིང་ཉིན་མོ་ཕལ་ཆེ་བ་ཡིབ་པ་དང་སྔ་དགོང་འགྲོ་སྐྱོད་བྱེད། གཟིག་གི་གྲུས་རྩ་ལངས་པའི་དུས་ནི་གནམ་གཤིས་གྲང་བའི་སྐབས་ཡིན་ཞིང་ཕོ་མོ་གཉིས་འདུ་འཛོམས་བྱས་ཏེ་འཁྲིག་སྦྱོར་བྱེད། གཟིག་མངལ་སྦྲུམ་ཆགས་པའི་དུས་ཡུན་ཟླ་གསུམ་ནས་བཞི་བར་དང༌། སྐྱེ་ཐེངས་རེ་ལ་གཟིག་ཕྲུག་གྲངས་ ༣ ཙམ་སྐྱེ་འཕེལ་བྱས། གཟིག་ཕྲུག་ཕལ་ཆེ་བ་ཉིན་བཅུ་གྲངས་རྗེས་མིག་ཕྱེ་ཡི་ཡོད།
གཟིག་གི་འཚོ་བའི་ཁ་ཟས་ནི་རི་དྭགས་གཙོས་པས་ཕྱུགས་རིགས་ཉམ་ཆུང་མང་པོ་བསད་ནས་བཟའ་ཡི་ཡོད། གཟིག་རུས་ནི་སྨན་རྫས་དང་ཆང་ཐོན་སྐྱེད་བྱེད་རྒྱུ་སོགས་ལ་དགོས་མཁོ་ཆེ་བ་དང༌། པགས་པ་ནི་ནང་ལ་བཤམ་སྟོན་དང༌། གདན་གཡོག བོད་མིའི་གོས་རྒྱན་དུ་བེད་སྤྱོད་བྱེད་སྲོལ་ཡོད་པ་དང༌། དེ་དག་གི་ཆེད་རྔོན་རྒྱག་མང་དྲགས་པས་ད་ཆར་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། དེར་བརྟེན་གཟིག་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་ཟུར་རྒྱན་དང་པོའི་གྲས་སུ་ཡོད་པ་མ་ཟད། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡང་ཡོད། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ནང་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་ཡོད་པ་རེད། ད་ལྟའི་ཆར་གཟིག་རིགས་སྤྱིའི་གྲངས་འབོར་ཆིག་ཁྲི་མིན་ཙམ་ཡོད་པ་ཚོད་དཔག་དང༌། ནང་གསེས་རིགས་དེ་དག་གི་གྲངས་འབོར་ ༡༠༠༠ ཙམ་ལས་མེད་པ་ངོས་འཛིན་བྱེད་བཞིན་ཡོད།
གྲངས་འབོར་ཐད་ད་བར་ཁ་གསལ་གྱི་ཤེས་རྟོགས་བྱུང་མེད་ནའང༌། སྟག་གི་གྲངས་འབོར་ལས་ཆེས་མང་བ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། དཔེར་ན་རྒྱ་གར་ནང་ཁྲིམས་འགལ་གྱི་པགས་རིགས་ཉོ་ཚོང་བྱེད་མཁན་འཛིན་བཟུང་གི་དོན་རྐྱེན་ལྷགས་སྐབས་སྟག་གཉིས་ཙམ་གྱི་པགས་པ་ཡོད་ན་དེ་དང་མཉམ་དུ་གཟིག་ལྤགས་བཅུ་བཅོ་ལྔ་ཡོང་གི་ཡོད་པས། གཟིག་ནི་སྟག་ལས་ཆེས་མང་བ་རྔོན་རྒྱག་དང་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། དེ་བཞིན་བྱང་ཨ་རིའི་གླིང་ཆེན་ཁུལ་དུ་གཟིག་གི་རིགས་དང་གཅིག་པ་ཡིན་པ་ལྗ་གུར་ཟེར་བ་ཞིག་ཡོད་པ་དང༌། ཁུལ་དེར་ཡོད་པའི་སྡེར་མོ་ཅན་གྱི་རིགས་ནང་ནས་ཆེས་སྟོབས་རྩལ་ཆེ་ཤོས་སུ་བརྩི་ཡི་ཡོད། སྲོག་ཆགས་དེའིརིང་ཚད་ལ་ཨིན་ཅི་ ༤༣ ནས་ ༧༣ བར་དང༌། མཐོ་ཚད་ལ་ཨིན་ཅི་ ༦༠ ཙམ་ཡོད། སྤུ་མདོག་སྤྱི་གཟིག་དང་འདྲ་ཡང༌། ལུས་ཀྱི་ཐིག་རིས་ཅུང་ཆེ་བའི་གཟིག་ཆེན་འདྲ་ཤས་ཆེ་ཙམ་ཡོད། ལྗ་གུར་གྲུས་རྩ་ལངས་པའི་དུས་ཚོད་ངེས་མེད་ཡིན་པ་དང༌། སྐྱེད་འཕེལ་བྱེད་སྟངས་གཟིག་དང་གཅིག་མཚུངས་ཡིན། སྲོག་ཆགས་འདིའི་ཚེ་ཚད་ནི་ལོ་གྲངས་ཡང་ ༢༢ ལྷག་ཙམ་འཚོ་གནས་བྱེད་ཐུབ་ཀྱི་ཡོད། ལྗ་གུར་ཡང་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།
ཐེངས་ 42398 བཀླགས་འདུག