གདོད་མའི་དུས་ཀྱི་ངོ་མཚར་ཆེ་བའི་བོད་མཐོ་སྒང་གི་གཞིས་ཆགས།
རིག་རྒྱུད་དཔྱད་ཞིབ་(ཚན་རིག་པ་)པས་གདོད་མའི་འཁྱགས་རོམ་གྱི་དུས་སྐབས་མཐའ་མ་ཙམ་ནས་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་སྡོད་རྒྱུན་མཐུད་ནས་བྱེད་མྱོང་ཡོད་པའི་བསམ་འཆར་བཏོན་འདུག
དེ་ཡང་འཛམ་གླིག་གི་ཡང་ཐོག་ཏུ་འབོད་བཞིན་པའི་བོད་མཐོ་སྒང་དུ་ཐོག་མར་ཉེན་མཆོངས་(ཉེན་ཁར་མ་འཛེམས་པར་བོད་དུ་ཡོང་བ)བྱེད་མཁན་གྱི་འགྲོ་བ་མི་རྣམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་མི་ཊར་ ༤‚༥༠༠ ཙམ་ཡོད་ཅིང་། གྲང་ངལ་དང་སྐམ་ཤེས་ཆེ། འཚོ་རླུང་(oxygen)གི་ཕྱེད་ཙམ་ལས་མེད་སྟབས་དབུགས་གཏོང་ལེན་དཀའ་བ་སོགས་ཀྱིས་འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་ནང་གི་ཆེས་དཀའ་ཚེགས་ཆེ་བའི་ཁོར་ཡུག་གཅིག་ལ་གདོང་ལེན་བྱས་ཡོད་པ་རེད། དེ་ལྟར་ནའང་ཚན་རིག་པ་རྣམས་ཀྱིས་ལོ་ ༡༥‚༠༠༠ ཡར་སྔོན་དུ་མཐོ་སྒང་འདིའི་ཐོག་ཏུ་སུ་གཅིག་གིས་ཀྱང་གོམ་པ་འདུར་མྱོང་མེད་པའི་བསམ་ཚུལ་ཞིག་སྔ་མོ་ནས་ཡོད་མོད། གནའ་རྫས་དཔྱད་ཞིབ་རིག་པ་དང་། རིགས་རྒྱུད་དཔྱད་ཞིབ་རིག་པའི་གནས་བསྡུས་དཔྱད་གཞི་ཡིས་གལ་ཆེའི་བྱུང་བ་(བོད་དུ་མི་ཐོག་མར་སླེབས་པ་)དེ་ཕལ་ཆེར་འཁྱགས་རོམ་དུས་སྐབས་མཐའ་མའི་དཀྱིལ་ཙམ་སྟེ་ལོ་ ༦༢‚༠༠༠ ལས་ཀྱང་སྔ་བར་བྱུང་ཡོད་སྲིད་པར་བསྟན་ཡོད།
ས་གནས་དེར་གནས་ཡུལ་སྤོ་བཤུད་དང་མི་འབོར་འཕེལ་རྒྱས་ཀྱིས་ལོ་རྒྱུས་ལ་མཁྱེན་རྟོག་གང་ལེགས་ཡོད་ན་བོད་ཀྱི་མི་བརྒྱུད་ཀྱི་ལྐོག་གྱུར་གནས་ཚུལ་ཤེས་རྒྱུ་དང་། འཚོ་རླུང་ཉུང་ཞིང་ས་ཁད་མཐོ་བའི་གནས་སྟངས་འོག་མི་རྣམས་ཀྱིས་ཇི་ལྟར་བྱས་ནས་ཁོར་ཡུག་དེ་དང་འབྲེལ་འདྲིས་བྱས་ཡོད་པའི་ཁུངས་རྙེད་པར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་སྐོར་འཁོད་འདུག
ཨ་རིའི་American Journal of Human Genetics, ཅེས་པའི་ནང་བཏོན་པའི་ཉེ་ཆར་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། རྒྱ་ནག་གི་ཧྲང་ཧེ་ཚན་རིག་ལྟེ་གནས་ཁང་གི་སྐྱེ་དངོས་ཚན་རིག་སྡེ་ཚན་གྱི། མི་འབོར་འཕེལ་རྒྱས་སྐོར་གྱི་ཚན་རིག་པ་(ཧྲ་ཧོའུ་ཞུ་?) Shuhua Xu ཞེས་པས། བོད་རིགས་ ༣༨ གྱི་རིགས་རྫས་དང། རིགས་གཞན་འགའི་རིགས་རྫས་ལ་དཔྱད་ཞིབ་གཅིག་མཇུག་གཉིས་མཐུད་དུ་བྱས་ཏེ་ཕན་ཚུན་བསྡུར་བ་བརྒྱུད། རྙོག་འཛིང་ཅན་གྱི་གདོད་མའི་དུས་ཀྱི་བོད་ས་མཐོའི་སྟེང་འགྲོ་བ་མིའི་འཕེལ་རིམ་དང་། ཆགས་རབས་སྐོར་གསལ་སྟོན་བྱས་ཡོད་ཚུལ་ཧྲ་ཧོའུ་ཞུ་ཁོ་རང་གིས་གསུངས་འདུག
“ཧ་ལས་དགོས་པ་ཞིག་ནི་སྔ་རབས་བོད་ཀྱི་རིགས་རྫས་ཀྱི་རྒྱུན་དམིགས་བསལ་བ་དེ་རེད། ཁོང་ཚོའི་ཕ་མེས་ལ་ཡར་དེད་སོང་ན་ལོ་ ༦༢,༠༠༠ ནས་ ༣༨,༠༠༠ ཙམ་སྟེ་ཕལ་ཆེར་མཐོ་སྒང་འདིའི་གཞིས་གྲོང་གསར་ཆགས་ཀྱི་ཐོག་མ་དེ་ཡིན་སྲིད།” ཅེས་ཧྲ་ཧོའུ་ཞུ་ཡིས་གསུངས།
“ཆེས་ཐོག་མའི་ས་ཕྱོགས་གཞན་ནས་མི་ཡོང་བའི་དུས་སྐབས་དེའི་རྗེས་སུ་འཁྱགས་རོམ་གྱི་དུས་རབས་དེས་བོད་རིགས་དང་བོད་རིགས་མ་ཡིན་པའི་མི་རྣམས་ཀྱི་བར་དུ་རིགས་རྒྱུད་འདྲེས་སྦྱོར་(མི་རིགས་འདྲེས་མའི་གཉེན་སྒྲིག)གྱི་རྨང་གཞི་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་མཚམས་བཅད་ཡོད་པ་དང་། དེ་ཡང་ཕལ་ཆེར་མི་འབོར་སྤོ་བཤུད་ཀྱི་འགྲོ་ལམ་དེ་འཁྱགས་རོམ་གྱིས་བཀག་ཡོད་ངེས་རེད།” ཅེས་ཧྲ་ཧོའུ་ཞུ་ཡིས་གསུངས།
“འདི་ནི་ཆེས་དཀའ་ངལ་ཆེ་བའི་རི་དྭགས་རྔོན་པ་དང་ཤིང་ཏོག་སོགས་ཟས་འཚོལ་བསྡུ་བྱེད་པའི་དུས་སྐབས་དེར་མཚོན་ན་ཁོར་ཡུག་ཧ་ཅང་གི་གདུག་རྩུབ་ཅན་ཞིག་ཡིན་མོད། འོན་ཀྱང་ལོ་ ༡༥‚༠༠༠ ནས་ ༩༠༠༠ ཙམ་གྱི་སྔོས་ཏེ་འཁྱགས་རོམ་གྱི་དུས་སྐབས་མཐའ་མར་འབོད་པའི་(LGM)སའི་གོ་ལའི་འཁྱགས་པའི་ཕྱི་ཤུན་གྱིས་གོ་ལའི་རྩེ་མོར་སླེབས་པའི་དུས་རིམ་དེའི་མཇུག་ཏུ་མི་སྟོང་ཕྲག་མང་པོ་བོད་དུ་ཡོང་ནས་མཉམ་དུ་འདུས་ཡོད། དེ་ནི་དེང་དུས་ཀྱི་བོད་པའི་རིགས་རྒྱུད་ཆགས་པར་གལ་གནད་ཆེ་ཤོས་དུ་གྱུར་བའི་མི་འབོར་སྤོ་བཤུད་ཀྱི་ཚ་རླབས་ཤིག་རེད།” ཅེས་ཧྲ་ཧོའུ་ཞུ་ཡིས་གསུངས། མི་རིགས་མང་པོ་སླར་ཡང་བོད་དུ་ཡོང་བ་དེས་བོད་མིའི་རིགས་རྒྱུད་ཀྱི་རྣམ་པར་འགྱུར་བ་བྱུང་ཞིང་ལོ་ ༡༢‚༠༠༠ ནས་ ༨‚༠༠༠ གོང་གི་ཆེས་ཉུང་བའི་མཐའ་བས་བསྐྱབས་ཡོད་པར་ར་སྤྲོད་ཡང་གནང་འདུག
ཧྲ་ཧོའུ་ཞུ་ཡི་སྣེ་ཁྲིད་པའི་ཞིབ་འཇུག་ཚན་ཁག་ནི་བོད་ཀྱི་རིགས་རྒྱུན་ལ་ཆ་ཚང་བའི་ཞིབ་འཇུག་གནང་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། ཁོང་གིས་ཞིབ་འཇུག་གི་གྲུབ་དོན་ལེགས་པོ་བྱུང་ཡོད་ལུགས། གོང་གི་ཞིབ་འཇུག་པའི་ཚན་ཁག་དེའི་ནང་དུ་མེད་པའི་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མར་སི་ཌ་གཙུག་ལགས་སློབ་གྲྭའི་གནའ་རྫས་དཔྱད་ཞིབ་པ་མཱར་ཁ་ཨན་ཌན་དྷར་ཧྥིར་ (Mark Aldenderfer of the University of California, Merced,) ཡིས་གསུངས་འདུག ད་དུང་ཁོང་གིས་གསུངས་དོན། “ཉམས་ཞིབ་དེས་ས་ཕྱོགས་འདྲ་མིན་ནས་ཡོང་བའི་མི་རྣམས་ཀྱི་རིགས་རྒྱུན་མཉམ་འདུས་ཀྱིས། མཐར་ད་ལྟ་ང་འཚོས་འབོད་བཞིན་པའི་བོད་ཅེས་པ་འདི་ཇི་ལྟར་བསྐྲུན་ཡོད་པར་ཞིབ་ཅིང་ཕྲ་བར་གསལ་སྟོན་བྱས་པ་རེད།” ཅེས་གསུངས་འདུག
སྙན་ཐོ་དེ་ལྟར་ན་དེང་སང་གི་བོད་རིགས་བརྒྱ་ཆ་ ༩༢ དེང་དུས་ཀྱི་མི་ལས་བྱུང་ཞིང་། དེ་ཡང་ཕལ་ཆེར་བོད་དུ་མི་འབོར་སྤོ་བཤུད་ཐེངས་གཉིས་པ་དེ་ལས་བྱུང་བ་དང་། དེ་འཕྲོས་རྣམས་ནི་དེའི་སྔོན་གྱི་ཆེས་གདོད་མའི་མི་རིགས་ལས་བྱུང་ཞིང་། དེང་དུས་ཀྱི་མིའི་རིག་རྒྱུན་དུ་གཏོགས་པའི་བོད་རིགས་དེ་དག་ནི། ཤར་ཨེ་ཤི་ཡ་ནས་བརྒྱ་ཆའི་ ༨༢ ཙམ་དང་། དབུས་ཨེ་ཤི་ཡ་ནས་ ༡༡ ལྷོ་ཨེ་ཤི་ཡ་ནས་ ༦ སོགས་འདྲེས་མ་ཡིན་ཚུལ་མཚོན་གྱི་ཡོད་འདུག
ཧྲ་ཧོའུ་ཞུ་ཡིས་སྣེ་ཁྲིད་པའི་ཞིབ་འཇུག་སྡེ་ཚན་དེས་བོད་རིགས་ཀྱི་དམིགས་བསལ་རིགས་རྫས་DNAཆ་ཤས་ཤིག་ Ust’-lshim Man (རིགས་དེ་ནི་དེང་དུས་ཀྱི་མིའི་རིགས་རྒྱུད་དུ་གཏོགས་ཤིང་ལོ་ ༤༥‚༠༠༠ གོང་ཨེ་ཤི་ཡའི་བྱང་རྒྱུད་ཨུ་རུ་སུའི་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་པར་བཤད་) ཞེས་པའི་རིགས་དང་། Neandertals, Denisovans སོགས་དང་། ངོ་རྟགས་མ་ཆོགས་ཤིང་རྩ་སྟོངས་ཕྱིན་ཟིན་པའི་རིགས་རྒྱུད་འགའ་དང་ཧ་ཅང་མཐུན་པོ་ཡོད་འདུག རིགས་རྫས་ཀྱི་ཆ་ཤས་དམིགས་བསལ་བ་དེར་ས་མཐོ་སར་འཚོ་སྡོད་ཐུབ་པའི་རིགས་རྫས་ཤིག་དང་རིགས་རྒྱུན་བརྒྱད་ཙམ་ལྡན་ཡོད་འདུག་ཅིང་།
ཧྲ་ཧོའུ་ཞུ་ཡིས། “རིགས་རྒྱུན་དེ་དག་ཚང་མ་འདྲེས་པའི་རིགས་ཞིག་མཐོ་སྒང་འདིའི་གདོད་མིའི་མི་འབོལ་སྤྱིའི་མེས་པོ་ཡིན་པར་སེམས་བཞིན་ཡོད་པ་རེད་འདུག ཞིབ་འཇུག་དེས་བསྟན་དོན། མཐོ་སྒང་འདི་ཉིད་དུ་ཐོག་མར་འགྲོ་བ་མིའི་གཞིས་ཆགས་པ་ནས་བཟུང་མཐུ་མཐུད་དེ་རིགས་རྒྱུད་སྐྱེ་འཕེལ་བྱས་ཡོད་པར་གསལ་སྟོན་བྱས་ཡོད། དེས་ནི་ཆེས་འཇིགས་སུ་རུང་བའི་གནམ་གཤིས་ཀྱི་དུས་སུ་ཡང་བོད་དུ་མི་རྣམས་འཚོ་སྡོད་བྱས་ནས་ཡོར་པར་མཚོན་གྱི་ཡོད།” ཅེས་ཧྲ་ཧོའུ་ཞུ་ཡིས་གསུངས། “རིག་པ་འདིས་ LGM, (ཆེས་གདོད་མིའི་མི་རིགས) ཐེ་བའི་སྔ་མོར་མཐོ་སྒང་དུ་སྡོད་མཁན་དེ་དག་གནམ་གཤིས་ཧ་ཅང་གྲང་ངལ་ཆེ་བའི་དུས་སྐབས་དེར་ཕྱིར་ཕུད་ཚར་བར་འདོད་པའི་སྤྱི་ཡོངས་ཀྱི་བསམ་ཚུལ་དེ་སུན་འབྱིན་བྱས་ཟིན་པ་རེད།” ཅེས་ཧོང་ཀོང་གཙུག་ལག་སློབ་གྲྭའི་ས་ཁམས་ཚན་རིག་པ་དྷ་ཝི་དྷི་ཀྲང་གིས་བརྗོད་འདུག ཁོང་ཡང་ཧྲ་ཧོའུ་ཞུ་ཡི་ལས་ཀ་དེར་མཉམ་ཞུག་གནང་མྱོང་མེད་པ་རེད། ཨན་ཌན་དྷར་ཧྥིར་དང་ཚན་རིག་པ་གཞན་འགའ་ཞིག་གིས་ཀྱང། “མཐོ་སྒང་གི་ཆ་ཤས་དེས་འཁྱགས་རོམ་དུས་སྐབས་སུ་གསོན་ཐུབ་མཁན་རྣམས་ལ་སྐྱབས་སྦྱིན་བྱས་ཡོད་ངེས་རེད།” ཅེས་དང་། ཧྲ་ཧོའུ་ཞུ་ཡིས། “ཆུ་བོ་ཆེན་པོ་དེའི་འཁྲིས་ཀྱི་ལུང་ཤོང་རྣམས་སུ་སྔ་མོའི་མི་དེ་རྣམས་འཚོ་སྡོད་བྱེ་ས་གནམ་གཤིས་ཀྱི་གནས་སྟངས་ཤིན་ཏུ་འཇིགས་རུང་མིན་པའི་ས་ཁུལ་འདང་ངེས་ཡོད།” ཅེས་གསུངས།
རྩོམ་ཡིག་དེ་སྔར་ལོའི་དབྱར་དུས་སུ་ས་གཤིས་རིག་པའི་སྐོར་གྱི་རྒྱལ་ཡོངས་ཚོགས་ཆེན་ཐོག་མཐོ་སྒང་འདིའི་ཐོག་ལོ་ ༣༩‚༠༠༠ ནས་ ༣༡‚༠༠༠ ཡར་སྔོན་ཙམ་ནས་མིའི་འགྲོ་བ་ཡོད་མྱོང་བའི་གནའ་རྫས་དཔྱད་ཞིབ་ཀྱི་དཔང་རྟགས་སྟོན་པར་བྱེད་པའི་སྡེ་ཚན་ཞིག་ལ་རྒྱབ་བསྐྱོར་དུ་ཞིབ་འཇུག་གི་ལེགས་སྐྱེས་སུ་ཕུལ་བ་ཡིན་འདུག གནས་སྟངས་དེར་རྡོ་ཆས་ཀྱི་ལག་ཆ་དང་། ད་ལྟར་ཡོད་པའི་སེམས་ཅན་(མི་སོགས)སོགས་ཀྱི་དངོས་དཔང་ཤིན་ཏུ་ཕྱུག་པོ་བོད་མཐོ་སྒང་གི་ལྷོ་རྒྱུད་རྒྱལ་མོ་རྔུལ་ཆུའི་ཀླུང་རྒྱུད་དུ་ཡོད་པ་རེད་འདུག
“གོང་གི་བསམ་བློ་གཏོང་སྟངས་དེ་ལས་ཀྱང་ཆེས་སྔ་བའི་འགྲོ་བ་མིའི་རིགས་ཀྱིས་བོད་མཐོ་སྒང་འདི་དབང་སྒྱུར་བྱས་པའི་དངོས་དཔང་མི་འདྲ་བ་བརྟན་ཅིང་སྔ་བ་ཡོད་ངེས་མོད། འོན་ཀྱང་ངས་དོ་སྣང་བྱུང་བ་ལྟར་ན་མགོ་རྙོག་དེ་ལས་(མགོ་རྙོག་གི་རང་བཞིན་ཅན་གྱི་འདས་པའི་བྱུང་རབས་)དེ་འདྲའི་དངོས་དཔང་གྱི་དུམ་བུ་དེ་ད་དུང་ཡང་ཚང་མེད། སྟོང་ཆ་དེ་ཁ་སྐོང་བར་སྔོག་འདོན་(དུས་ཡུན་རིང་པོ་ཞིག་ནས་ས་འོག་ཏུ་གནས་པའི་དངོས་པོ་དང་ཁང་རྙིང་སོགས་འཚོལ་ཞིབ་ཆེད་སྔོག་འདོན་བྱེད་པའི་བྱ་གཞག་)མང་དུ་བྱེད་དགོས་ངེས་སུ་མཐོང་།” ཞེས་ཨན་ཌན་དྷར་ཧྥིར་གྱིས་གསུངས།
རྩོམ་ཡིག་འདི་ཐོག་མར་ “བོད་འཁྱགས་རོམ་གྱི་དུས་སྐབས་” སམ་ “འཁྱགས་རོམ་དུས་སྐབས་ཀྱི་བོད་” “Ice Age Tibet” ཞེས་པའི་ཁ་བྱང་ཐོག་སྤེལ་འདུག
Scientific American March 2017 Issue ལས་ཕབ་སྒྱུར་བྱས།
ཐེངས་ 42367 བཀླགས་འདུག