གཏེར་ཁ་བསྔོག་འདོན་དང་ཁོར་ཡུག་ལ་དོ་ཕོག
རྒྱ་ནག་གི་ས་གཤིས་དཔྱད་ཞིབ་ཁང་གིས་འགན་འཛིན་མེན་ཞཱི་ནི་(Mengxiani)ཡི་ཟངས་དང་། ཞ་ནེ། ཏི་ཚ། ལྕགས། ཕལ་ཆེར་སྣུམ་བཅས་ཀྱི་གཏེར་ཁ་ཆེན་པོ་༡༦ཙམ་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་བརྒྱུད་ཡོད་པ་བརྗོད་ཡོད། འདི་དག་ལས་ཉུང་མཐར་ཟངས་ཏུན་ས་ཡ་བཅོ་བརྒྱད་དང་། ཞ་ནེ་དང་ཏི་ཚ་ཏུན་ས་ཡ་བཅུ་ཙམ་ཐོན་འབབ་ཡོང་བའི་ཚོད་དཔག་བྱེད་ཀྱི་ཡོད་སྟབས་རྒྱ་ནག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོར་གཏེར་དངོས་ཀྱི་རེ་བཅོལ་བྱེད་བཞིན་པ་དེ་ཉིད་ཉུང་དུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དཔལ་འབྱོར་ཡར་རྒྱས་དང་དེང་རབས་ཅན་དུ་འཛུགས་བསྐྲུན་བྱེད་རྒྱུའི་ཁ་ཕྱོགས་མྱུར་ཏུ་བཏང་བའི་ཁྲོད་བོད་རིགས་རྣམས་ལ་ཡུལ་ལུང་གི་དཔལ་འབྱོར་དང་། འཛིན་སྐྱོང་། ཁོར་ཡུག་སྲུང་སྐྱོབ་བཅསཀྱི་ཆ་ཤས་ལེན་རྒྱུའི་གོ་སྐབས་ཐོབ་ཀྱི་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དཔེར་ན། བོད་ལྗོངས་ཀྱི་ཕྱི་རོལ་ནས་རྒྱ་རིགས་ལས་བྱེད་པ་ཕོན་ཆེན་ཁྲིད་ཡོང་བ་འདིས་བོད་མི་རྣམས་ཀྱི་ནུས་པ་སྣང་མེད་བྱས་ཏེ་ལས་ཀ་རག་རྒྱུའི་གོ་སྐབས་ཉུང་དུ་བཏང་ཡོད།
བོད་དུ་གཏེར་བསྔོག་བཟོ་གྲྭ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་རྡོག་རོལ་བཏང་བའམ་རྒྱ་གཞུང་གིས་ཡུལ་མིའི་བདེ་སྡུག་སྣང་མེད་འཇོག་པའི་སྐབས་སུ་ཡུལ་མིས་ངོ་རྒོལ་བྱེད་པའི་གནད་དོན་མང་པོ་འབྱུང་བཞིན་ཡོད།
གཏེར་ཁ་བསྔོག་འདོན་ལས་བོད་ཁུལ་གྱི་ཁོར་ཡུག་ལ་དོ་ཕོག་སྣ་ཚོགས་འབྱུང་བཞིན་ཡོད་པ་དཔེར་ན། སྤང་རི་བྱེ་སར་བསྒྱུར་ནས་ཡུལ་ལུང་གི་སའི་བཅུད་དང་རི་ལུང་གི་བཀོད་པ་གཉིས་ཀར་གཏོར་སྐྱོན་གཏོང་བ། རྒྱུག་ཆུའི་ནང་རྫས་ངན་བླུགས་ནས་འཐུང་ཆུ་འབག་བཙོག་བཟོ་སྟེ་མི་ཕྱུགས་གཉིས་ཀར་ན་ཚ་འདྲ་མིན་ཡོང་བ། རླུང་ཁམས་བཙོག་པ་ཆགས་པ་དང་ཐལ་འཚུབ་ཡང་ཡང་ཡོང་བའི་དཀའ་ངལ་དུ་མ་འབྱུང་བཞིན་ཡོད།
འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ཁུལ་ཡར་རྒྱས་གཏོང་ཐབས་ཀྱི་དམིགས་འདུན་གཙོ་བོ་ནི་ཕྱི་རོལ་ཡུལ་གྲུ་ཁག་ནས་མ་རྩ་འཇོག་འཛུགས་ཡོང་ཆེད་དུ་འཛུགས་བསྐྲུན་གྱི་ཆ་རྐྱེན་བསྒྲུབ་གང་ཐུབ་བྱེད་ཀྱི་ཡོད་པ་དང་། གཏེར་ཁ་བསྔོག་འདོན་དང་དཔལ་འབྱོར་ཡར་རྒྱས་ཀྱི་མ་རྩ་སྒྲུབ་ཆེད་སྲིད་ཇུས་གུ་ཡངས་གཏན་འབེབས་བྱས་པ། གཞུང་ལམ་དང་ལྕགས་ལམ། སྦུག་མདོང་མ་ཐུད་འདྲེན། གཏེར་ཁ་བསྔོག་འདོན། ཆུ་མཛོད་རྒྱབ་པ། གློག་ཁང་བསྐྲུན་པ། ཞིང་ཆུ་འདྲེན་ལས་ཆ་རྐྱེན་བཅས་འཛུགས་བསྐྲུན་བྱས་ཡོད། འོན་ཀྱང་ཡ་མཚན་པོ་ཞིག་ནི། འཕྲོད་བསྟེན་དང་ཤེས་ཡོན། ལས་ཀ་རག་ཐབས་བཅས་ཡུལ་མིར་ཐད་ཀར་ཕན་ཐོགས་དང་དགོས་མཁོ་ཆེ་ཤོས་རིགས་སྣང་མེད་དུ་འཇོག་བཞིན་པ་དང་། བོད་མི་ཚོས་མིའི་ནུས་པ་འཕེལ་སྐྱེད་དང་དེང་རབས་ཅན་གྱི་སྤྱི་ཚོགས་ནང་ཆ་ཤས་ལེན་ཐུབ་ཐབས་སོགས་ཀྱི་ཐད་དེ་བཞིན་རོགས་སྐྱོར་དང་འབོད་བརྩོན་གང་ཡང་བྱེད་ཀྱི་མེད་དོ། ཕྱི་དྲིལ་ཁོར་ཡུག་ཚན་པས་མཁོ་འདོན་དང་ཕྱི་ལོ་༢༠༡༢ལོར་སྤེལ།
ཐེངས་ 42281 བཀླགས་འདུག